Saturday, May 29, 2010

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནང་པའི་ལྟེ་གནས་དབུ་འབྱེད་དང་རབ་གནས་མཛད་པའི་སྐོར།


༄༅། ཕྱིོ་ཟླ་ 5 ཚེས་ 27 ཉིན་རྒྱ་གར་གྱི་སྦི་ཧར་མངའ་སྡེ་གཞུང་ནས་གསར་དུ་བཞེངས་བསྐྲུན་ཞུས་པའི་ནང་པའི་ལྟེ་གནས་འདི་ནི་སྤར་ན་གྲོང་ཁྱེར་གྱི་ལྟེ་གནས་སུ་བཞེངས་བསྐྲུན་ཞུས་ཡོད་པ་དང༌། དེར་ཚན་རིག་དང་མཐུན་པའི་ཐོག་ནས་ནང་ཆོས་སློབ་གཉེར་ཞུ་ ཡུལ་དང༌། ནང་པའི་དཔེ་མཛོད། མི་སྟོང་ཕྲག་ལྷག་གཤོངས་བའི་སྒོམ་སྒྲུབ་བྱ་ཡུལ། ནང་པའི་འགྲེམས་སྟོན། ཕྱག་འཚལ་ཞུ་ཡུལ་སོགས་མ་འོངས་ནང་པའི་སློབ་གཉེར་བྱ་ཡུལ་ལྟེ་གནས་ཆེན་པོ་ཞིག་ཡོང་རྒྱུར་དམིགས་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཐུ་སྨོན་དང་རབ་གནས་སླད་ས་གནས་འདིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ནང་པའི་ཡུལ་གྲུ་ཁག་ནས་བཅར་པའི་ནང་པའི་སྐུ་ཚབ་རྣམས་ལ་བཀའ་སློབ་བཀྲིན་བསྩལ་ཡོད་ཅིང༌། གསར་དུ་བཞེངས་པའི་མཆོད་རྟེན་འདིའི་ནང་ཐེ་ལན་དང་། མའི་མ། འཇར་པན། ལྷོ་ཀོ་རི་ཡ། སི་རི་ལང་གྷ་བཅས་ནས་སངས་རྒྱས་ཀྱི་རྩ་ཆེའི་རིང་སེལ་ཕུལ་ཡོད་པ་མ་ཟད། སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་ནས་ཡོད་པའི་སངས་རྒྱས་ཀྱི་རིང་སེལ་ཞིག་ཀྱང་མཆོད་རྟེན་འདིའི་ཟུངས་སུ་ཞལ་འདེབས་ཆེད་གསོལ་སྩལ་གནང་ཡོད་ཅིང༌། མངའ་སྡེའི་བློན་ཆེན་མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མཆོད་རྟེན་ལ་རབ་གནས་དང་མཐུ་སྨོན་རྗེས་ སྙིང་རྗེའི་མཆོད་རྟེན་ Patliputra Karuna Stupa ཞེས་མཚན་གསོལ་བ་དང་། སི་རི་ལང་གྷ་དང་གནས་མཆོག་རྡོ་རྗེ་གདན་ནས་གདན་དྲངས་པའི་བྱང་ཆུབ་ལྗོན་ཤིང་གི་ཤིང་རྐང་གཉིས་ཀྱི་ས་བོན་བཙུགས་པ་སོགས་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་སྟེ་ཕྱི་ཚེས་ 27་ ཉིན་བཞུགས་སྒར་དུ་༸ཞབས་སོར་འཁོད་ཡོད་པ་རེད༎

No comments:

Post a Comment

please write here .....