Wednesday, January 28, 2009

༈ ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་རྒྱ་ལུགས་ས་གླང་གནམ་ལོ་གསར་ཚེས་སུ་རྒྱ་རིགས་མང་ཚོགས་ལ་ བསྩལ་བའི་འཚམས་འདྲིའི་གསུང་འཕྲིན།

༈ ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་རྒྱ་ལུགས་ས་གླང་གནམ་ལོ་གསར་ཚེས་སུ་རྒྱ་རིགས་མང་ཚོགས་ལ་ བསྩལ་བའི་འཚམས་འདྲིའི་གསུང་འཕྲིན། ༄༅། །རྒྱ་ནག་སོ་ནམ་པའི་ལུགས་ཀྱི་དཔྱིད་གསར་དུས་སྟོན་ནམ། གནམ་ལོ་གསར་པ་ཤར་བའི་སྐབས་འདིར། ངོས་ནས་རྒྱ་ནག་སྐམ་ས་ཆེན་པོས་གཙོས་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་རྒྱ་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་བརྗོད་ཀྱི་ཡོད། འདས་པའི་ས་བྱི་ལོའི་ནང་འཛམ་གླིང་སྤྱི་དང༌། ཁྱད་པར་རྒྱ་ནག་ནང་འབྱུང་བའི་འཇིག་པ་སོགས་དཀའ་རྙོག་དང༌། ཨོ་ལམ་པིཀ་རྩེད་འགྲན་ལྟ་བུ་དགའ་སྤོབས་བྱ་འོས་པའི་གནས་ཚུལ་དུ་མ་ཞིག་བྱུང་སྟེ་སྐབས་རེ་བློ་འཚབ་དང༌། སྐབས་རེ་དགའ་སྤྲོའི་སྣང་བ་སོགས་སྣ་ཚོགས་ཤིག་བྱུང་སྟེ། འགྱུར་རླབས་ཆེ་བའི་ལོ་འཁོར་ཞིག་གི་ངོ་བོར་འདས་པ་དང༌། དེང་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་འཕྲད་བཞིན་པའི་ཁྲོམ་རྭའི་དཔལ་འབྱོར་གྱི་ཉམས་གུད་ལ་བརྟེན་ནས་འཛམ་གླིང་སྤྱི་དང༌། ཁྱད་པར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མང་ཚོགས་རྣམས་བློ་འཚབ་དང་དཀའ་ངལ་གྱི་གནས་སུ་གྱར་བའི་སྐབས་འདིར། རྟེན་འབྱུང་རྒྱུ་འབྲས་སླུ་བ་མེད་པའི་མཐུ་ལས་སྙིགས་ལྔའི་རྒུད་ཚོགས་ཞི་སྟེ་འགྲོ་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་དགེས་འཚོ་བའི་སྨོན་འདུན་བྱ་རྒྱུ་ནི་ཆོས་དད་ཡོད་མཁན་ཚང་མའི་ལས་འགན་ཞིག་ཡིན། རྒྱ་ནག་ནི་བགྲང་བྱ་ལྔ་སྟོང་ལྷག་གི་བྱུང་རབས་ལོ་རྒྱུས་དང༌། ངོ་མཚར་ཆེ་བའི་རིག་གཞུང་དང་ལེགས་བྱང་གིས་ཕྱུག་པ་ཞིག་ཡིན་པའི་ཁར། མི་འབོར་གྱི་ཆ་ནས་རྒྱལ་སྤྱིའི་ནང་ཨང་དང་པོ་ཆགས་ཡོད། དེ་བཞིན་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན་བཅས་ཀྱི་སྟོབས་ཤུགས་ཀྱི་ཆ་ནས་ཀྱང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ལྟ་བུར་གྱུར་ཀྱང༌། རང་དབང་གི་ཁོར་ཡུག་དང༌། ཁྲིམས་ཀྱི་དབང་སྒྱུར། ཕྱི་གསལ་ནང་གསལ་གྱི་འཛིན་སྐྱོང་བཅས་མེད་ན་དེང་རབས་ཡར་ཐོན་ཅན་གྱི་འཇིག་རྟེན་འདིའི་ནང་སྟོབས་ཆེན་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་མི་ཐུབ། སྲིད་འཛིན་ཧུའུ་ཅིན་ཐའོས་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུའི་སྲིད་བྱུས་འཛིན་པ་ནི་ཧ་ཅང་བསྔགས་བརྗོད་འོས་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ནང་རྒྱ་ནག་ཤུགས་ནུས་ཐོན་པ་ཞིག་ཡོང་བ་ལ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཀྱང་ཡིན། འོན་ཀྱང་འཆམ་མཐུན་གྱི་སྤྱི་ཚོགས་ནི་ཕན་ཚུན་མཛའ་བརྩེ་དང༌། དྲང་བདེན། ཡིད་ཆེས་ཀྱི་སྒོ་ནས་ཡོང་དགོས་པ་ཞིག་ལས་བཙན་དབང་དང་གཅིག་སྡུད་ཀྱི་ལམ་ནས་ཡོང་ཐབས་མེད། རྒྱ་ནག་རྒྱལ་ནང་དུ་གནས་པའི་ཡུལ་མི་ཚོར་དཔལ་འབྱོར་གྱི་མཐུན་རྐྱེན་ཙམ་མ་ཟད། བསམ་སྤྱོད་དང༌། ཤེས་ཡོན། རྒྱལ་སྤྱིའི་གནས་ཚུལ་དངོས་ཡོད་གོ་རྟོགས་བཅས་ཀྱི་རང་དབང་ཡོད་དགོས་པ་ནི་མིའི་སྤྱི་ཚོགས་ལ་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཡིན། འགྱུར་ལྡོག་ཆེ་བའི་དེང་རབས་ཀྱི་འཇིག་རྟེན་འདིའི་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་ཉིན་རེའི་གསར་གནས་རྣམས་གོ་ཐོས་མེད་ན་རང་བཞིན་གྱིས་རྗེས་ལུས་ཐེབས་རྒྱུ་གདོན་མི་ཟ། རྒྱལ་སྤྱིའི་གསར་འགྱུར་གྱི་བརྒྱུད་ལམ་བཟང་ཤོས་སུ་བརྩི་བའི་BBCདང༌། CNN སོགས་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཚང་མས་དོ་སྣང་ཆེན་པོས་ལྟ་ཉན་བྱེད་རྒྱུའི་བརྙན་འཕྲིན་དང༌། རླུང་འཕྲིན། དྲྭ་རྒྱ་སོགས་རྒྱ་ནག་ནང་བཀག་འགོག་བྱས་ཏེ། མང་ཚོགས་ལ་འཛམ་གླིང་གི་དངོས་ཡོད་དང༌། བདེན་པའི་གནས་ཚུལ་ཤེས་རྟོགས་ཀྱི་བརྒྱུད་ལམ་བཀག་པ་དེ་ནི། མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་དང་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གནོད་ཚབས་ཤིན་ཏུ་ཆེ་བའི་བྱ་སྤྱོད་མི་ལེགས་པ་ཞིག་ཡིན་པས་བློ་ཕམ་ཆེན་པོ་བྱུང༌། དུས་རབས་ཉེར་གཅིག་པ་འདི་གནས་འཕྲིན་གྱི་གསར་བརྗེ་ཆེན་པོའི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌། ད་དུང་རྒྱ་ནག་གིས་མཚོན་པའི་ཡུལ་ལུང་ཁ་ཤས་ནང་གནས་འཕྲིན་ཚོད་འཛིན་བཀག་འགོག་བྱེད་པ་ནི་དུས་ཚོད་ཡོལ་ཟིན་པའི་བྱ་སྤྱོད་ཅིག་ཡིན་པས་རྒྱུན་གནས་ཐུབ་ཐབས་ག་ལ་ཡོད། དེར་བརྟེན་གང་མྱུར་རྒྱ་ནག་ནང་དུའང་གནས་འཕྲིན་གྱི་གུ་ཡངས་ཐོབ་པའི་ཡིད་ཆེས་ཡོད། ས་བྱི་ལོའི་ནང་རྒྱ་ནག་གི་ཤེས་ཡོན་ཅན་མང་པོས་རང་དབང་དང་མང་གཙོ། དྲང་བདེན་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་རྩོམ་ཡིག་རྣམ་གྲངས་མང་པོ་དང༌། ལས་འགུལ་སྣ་ཚོགས་སྤེལ་བ་མ་ཟད། ལྷག་པར་ཉེ་བའི་ཆར་བཅའ་ཁྲིམས་ ༠༨ ཞེས་པའི་གལ་ཆེའི་ཡིག་ཆའི་ཐོག་མཚན་རྟགས་འགོད་མཁན་ཧ་ཅང་མང་པོ་བྱུང་དང་འབྱུང་བཞིན་པ་ནི། ཤེས་ཡོན་ཅན་གཙོ་བོར་གྱུར་པའི་རྒྱ་ནག་མང་ཚོགས་ཀྱིས་གུ་ཡངས་དང་རང་དབང་ལ་དགའ་བའི་མངོན་འདོད་ཤུགས་ཆེ་ཡོད་པ་རྣམས་རིམ་བཞིན་གསལ་སྟོན་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད་པས། ཧ་ཅང་དགའ་སྤོབས་སྐྱེ་འོས་པ་ཞིག་རེད། སླར་ཡང་རྒྱ་རིགས་མང་ཚོགས་ལ་མཛའ་བརྩེའི་འཚམས་འདྲི་དང༌། ས་གླང་གི་ལོ་འདིའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་མི་རིགས་ཚང་མར་འདྲ་མཉམ་དང༌། དྲང་བདེན། མཛའ་བརྩེའི་ཡིད་ཆེས་ཀྱི་སྒོ་ནས་འཆམ་མཐུན་ཀྱི་སྤྱི་ཚོགས་མིང་དོན་མཚུངས་པ་ཞིག་བསྐྲུན་ཐུབ་པའི་རེ་བ་དང་སྨོན་འདུན་བཅས། ཤཀྱཱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༢༥ ལ།། །།

No comments:

Post a Comment

please write here .....