Thursday, October 20, 2011

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་གདུང་སེམས་བསྐྱེད་ཞུ་ཆེད་གཙུག་ལག་ཁང་དུ་སྨོན་ལམ་མཆོད་འབུལ་སྐབས་སྤེལ་བའི་བཀའ་བློན་ཁྲི་པའི་གཏམ་བཤད།


༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག སྐྱབས་ཡུལ་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཚོགས་པ་ཁག་གི་འགན་འཛིན་དང། སྲིད་ཞུ་ལས་བྱེད་པ། སློབ་ཕྲུག་དང་མི་མང་རྣམ་པ།
འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ཚོས་གདུག་རྩུབ་མནར་གཅོད་མི་བཟད་པ་མྱང་དང་མྱོང་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་ཡོད་ཚུལ་རྫུན་གཏམ་གྱི་དྲིལ་བསྒྲགས་ཇི་ཙམ་སྤེལ་རུང་དོན་དངོས་ཐོག་བོད་ལྗོངས་ཡོངས་སུ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་གྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ། རང་བྱུང་ཁམས་བཅས་པར་གོད་ཆག་ཚབས་ཆེན་ཕོག་དང་ཕོག་བཞིན་པར་བརྟེན། བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་རབས་དང་རིམ་པ་སྤེལ་ཡོད། ཁྱད་པར་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་སེར་སྐྱ་རྒན་གཞོན་དབྱེ་བ་མེད་པར་བོད་མི་ཡོངས་ནས་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་ཞི་བའི་གྱེན་ལངས་དང།
བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་པ་རྒྱ་ནག་གཞུང་གི་འགོ་ཁྲིད་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་ཐུབ་པ་བྱུང་ཡོད།
འོན་ཀྱང་བློ་ཕམ་པར་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་ཚབ་ཏུ་མུ་མཐུད་སྲིད་བྱུས་མཁྲེགས་བཟུང་ཁོ་ནས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་པ་དང། ཁྱད་པར་ཆོས་བྱེད་དགེ་འདུན་གྱི་སྡེ་དང་དགོན་པ་གྲྭ་ཚང་ཁག་ལ་དམིགས་བསལ་སྡང་ཟུག་གིས་ལས་དོན་རུ་ཁག་ཟེར་བའི་མི་སྣ་ཆེད་གཏོང་གིས་ཆོས་ཀྱི་བྱ་བར་དམ་བསྒྲགས་དང་བསུན་བརྩིར་ཐེ་བྱུས་གང་བྱུང་བྱེད་ཀྱི་ཡོད་སྟབས། འདོ་ལོ་ཕྱི་ཟླ་ ༣ པ་ནས་བཟུང་རྔ་པ་ཁུལ་དང། རྟའུ། སེར་རྟ་སོགས་སུ་མི་མང་པོ་འཛིན་བཟུང་བཀག་ཉར་གྱིས་གནས་སྟངས་ཛ་དྲག་ཇི་ཆེར་སོང་བ་དང། ད་བར་བོད་རིགས་ན་གཞོན་དགུ་ནས་སྐུ་ལུས་ཞུགས་མེར་བསྒྲོན་པའི་ལམ་ནས་བོད་ནང་རང་དབང་བསྐྱར་གསོ་དང། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། དེ་བཞིན་རྒྱ་ནག་གཞུང་གི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་བཟོད་ཐབས་མེད་པར་ངོ་རྒོལ་གནང་བའི་གནས་ཚུལ་བྱུང་ཡོད།
ཁོང་ཚོའི་རྒྱལ་གཅེས་ཀྱི་ལྷག་བསམ་དང་།  སྙིང་སྟོབས་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
དེ་ཡང་ ༡༽ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་རང་ལོ་ ༢༡ སོན་པ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་གི་ལུས་ལ་མེ་སྤར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སོང་འདུག ༢༽ དེ་བཞིན་ཟླ་ ༨ ཚེས་ ༡༥ ཉིན་རང་ལོ་ ༢༩ ཡིན་པ་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུས་རྫོང་ལས་ཁུངས་ཀྱི་མདུན་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་འདུག ༣༽ ཡང་ཟླ་ ༩ ཚེས་ ༢༦ ཉིན་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་། ༤༽ བློ་བཟང་དཀོན་མཆོག་ལགས་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་བཏང་འདུག ༥༽ དེ་མཚུངས་ཟླ་ ༡༠ ཚེས་ ༣ ཉིན་རང་ལོ་ ༡༧ ཡིན་པ་ཀིརྟི་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་ཕྱུག་ལགས་ཀྱིས་རང་ལུས་ལ་མེ་སྤར་ནས་ངོ་རྒོལ་གནང་འདུག ༦༽ ཡང་ཟླ་ ༡༠ ཚེས་ ༧ ཉིན་ཀིརྟི་དགོན་པའི་གྲྭ་ཟུར་ཡིན་པ་རང་ལོ་ ༡༨ སོན་པ་མཁའ་དབྱིངས་ལགས་དང། ༧༽ རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ལམ་ནས་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག ༨༽ དེ་མཚུངས་ཟླ་ ༡༠ ཚེས་ ༡༥ ཉིན་རང་ལོ་ ༡༩ ཡིན་པ་རྔ་པ་ཀིརྟི་དགོན་པའི་གྲྭ་ཟུར་ནོར་བུ་དགྲ་འདུལ་ལགས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག
༩༽ ཡང་ཟླ་ ༡༠ ཚེས་ ༡༧ ཉིན་རང་ལོ་ ༢༠ ཡིན་པ་རྔ་པ་ཁུལ་གྱི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ལམ་ནས་ངོ་རྒོལ་གནང་བར་བརྟེན་འདས་གྲོངས་སུ་གྱུར་འདུག
གོང་གསལ་རང་ལུས་མེར་བསྲེགས་གཏོང་མཁན་དགུ་ནས་ལྔ་འདས་གྲོངས་སུ་གྱུར་ཟིན་པ་དང། བཞི་ཡི་གནས་སྟངས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱར་འདུག་ན། སྤྱིར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་དང། ཁྱད་པར་གོང་གསལ་འདས་སོན་དགུ་པོ་དང་ཁོང་ཚོའི་ཕ་མ་ཉེ་འབྲེལ་རྣམས་ཀྱི་གཙོ་བོར་གྱུར་པའི་བར་ལམ་འཛིན་བཟུང་བཙོན་འཇུག་གི་དམ་བསྒྲགས་འོག་ཚུད་པའི་གཞིས་བཞུགས་སེར་སྐྱ་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ད་རིང་ལྷ་དཀར་གྱི་ཉིན་མོ་དང་བསྟུན་ནས་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་སུ་ཉིན་བརྒྱ་དུས་གཅིག་ལ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ཐུགས་རྗེ་བསྐུལ་བའི་སྨོན་ལམ་མཆོད་འབུལ་ཞུ་རྒྱུའི་གོ་སྒྲིག་ཞུས་པ་ཡིན།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་ཞུས་པ་ལྟར་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་སུ་ས་གནས་ཀྱི་གནས་བབ་ལ་གཞིགས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་སྟབས། ལས་འགུལ་དེ་དག་ཞི་བའི་སྒོ་ནས་ཡུལ་ཁྲིམས་དང་མ་འགལ་བ། ཆེ་མཐོང་ལྡན་པ་ཞིག་གནང་དགོས་པ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བཙན་བྱོལ་བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམ་པར་དྲག་གནོན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་དང། ཞི་བའི་སྒོ་ནས་བོད་མིའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དངོས་དོན་རྟོག་ཞིབ་ཆེད་འཕྲལ་དུ་ཞིབ་འཇུག་མི་སྣ་གཏོང་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་རང་དབང་གི་སྒོ་ནས་བོད་ནང་གསར་འགོད་མི་སྣ་འགྲོ་བསྐྱོད་ཐུབ་པའི་རེ་འདུན་བཏོན་རྒྱུ་ཡིན།
ད་རེས་འདིར་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་ཆེ་བའི་ཐོག་སྙུང་གནས་སུ་བཞུགས་རྒྱུའི་ཐུགས་གཏན་འཁེལ་འདུག་པར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང། དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག  བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུས་པའི་འདིར་ཕེབས་པའི་འདུས་སྡེ་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་གཞིས་གཞུགས་བོད་མི་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་དང། གང་མྱུར་དཀའ་སེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་འདུན་ཤུགས་དྲག་དང་བཅས།།

No comments:

Post a Comment

please write here .....