Tuesday, November 23, 2010

ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་གི་དྲུང་ཡིག་ཆེན་མོ་བྱང་པ་ཅུང་ལགས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།


ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་གི་དྲུང་ཡིག་ཆེན་མོ་བྱང་པ་ཅུང་ལགས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།

༢༠༡༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་མིག་དམར། བོདགཞུང་དྲ་གནས་ལས་བཤུས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༣ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་གི་དྲུང་ཡིག་ ཆེན་མོ་དང་།  པཎ་ཆེན་སྐུ་ཕྲེང་བཅུ་པའི་ཞབས་འབྲིང་པ་གཙོ་གྲས།  པཎ་ཆེན་རིན་པོ་ཆེའི་འཕྲུལ་འཁོར་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན། བོད་གངས་རྒྱན་དར་སྤེལ་ཚོང་དོན་ཁང་གི་སྤྱི་ཁྱབ་པ་གཞོན་པ།  གཞིས་རྩེ་དགེ་འོས་སློབ་གྲྭའི་རིག་གནས་སློབ་དཔོན།  བོད་ཀྱི་བརྡ་སྤྲོད་རིག་པའི་མཁས་དབང་། ཆབ་སྲིད་བཙོན་ཟུར་བྱང་པ་ཅུང་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་དོ་དམ་ནན་པོའི་འོག་གཞིས་རྩེ་ས་ཁུལ་ཀླུ་ལྡིང་དུ་ཡོད་པའི་སྤན་མཆེད་ཞིག་གི་ཁྱིམ་དུ་སྐུ་ གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག    ཁོང་ནི་ཕྱི་ལོ་ ༡༩༤༠ ལོར་གཙང་སྟོད་ངམ་རིང་ཅུང་གནང་ཁུལ་དུ་འཁྲུངས་ཤིང་། ཆུང་དུས་ནས་གདན་ས་བཀྲིས་ལྷུན་པོར་ ཆོས་ཞུགས་མཛད། ལོ་རབས་ལྔ་བཅུའི་ནང་བཀྲིས་ལྷུན་པོ་དགོན་པའི་ནང་ཡོད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྩེ་སློབ་གྲྭའི་ནང་རིག་གནས་སློབ་སབྱོང་མཐར་ཕྱིན་གནང་། དེ་རྗེས་རིག་གསར་སྐབས་རྒྱ་གཞུང་གིས་བཙན་གནོན་དབང་བསྒྱུར་འོག་ངལ་རྩོལ་ བསྒྱུར་བཀོད་ནང་ལོ་མང་ཞུགས་དགོས་བྱུང་བ་དང་ཕྱི་ལོ་ ༡༩༨༢ ནས་ ༡༩༨༦ བར་གཞིས་རྩེ་དགེ་འོས་སློབ་གྲྭའི་རིག་གནས་ཀྱི་སློབ་དཔོན་མཛད། ཕྱི་ལོ་ ༡༩༨༧ ལོར་ཀུན་ གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དམིགས་འཛུུགས་མཛད་པའི་འཕྲུལ་འཁོར་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་གྱི་ལས་འཁུར་བཞེས། ཕྱི་ལོ་༡༩༨༩ ལོར་ཀུན་གཟིགས་ པཎ་ཆེན་རིན་པོ་ཆེའི་ལྟེ་བའི་བཞུགས་གླིང་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་གི་དབུ་འཛིན་མཛད། ལོ་དེ་ནས་བཟུང་བྱ་བྲལ་རིན་པོ་ཆེའི་སྐུ་སྒེར་གྱི་དྲུང་ཡིག་ཆེན་མོ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་གི་དྲུང་ཡིག་ཆེན་མོ་མཛད། ཕྱི་ལོ་ ༡༩༩༠ ཙམ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ལས་དོན་ནང་ཐོག་མར་མཚོ་མཇལ་རྟགས་གཟིགས་ཀྱི་མཚོན་པའི་ལས་དོན་གྱི་བརྒྱུད་རིམ་ཚང་མའི་འགན་ཁུར་བཞེས་པ་མ་ཟད། སྔ་ཕྱི་བར་གསུམ་དུ་ཡང་སྲིད་ངོས་འཛིན་ལས་དོན་ནང་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེའི་ཕྱག་རོགས་གཙོ་བོའི་ནུས་པ་འདོན་གནང་མཛད་ཡོད། ཕྱི་ལོ་ ༡༩༩༥ ཟླ་ ༢ ནང་ཁོང་དང་བྱ་བྲལ་རིན་པོ་ཆེ་ རྣམ་གཉིས་ཡང་སྲིད་ངོས་འཛིན་དགག་རྩའི་གནད་དོན་སླད་པེ་ཅིང་དུ་ཆེད་ཕེབས་གནང་བ་དང་། ལོ་དེའི་ཟླ་ ༥ ཚེས་ ༡༧ ཉིན་པེ་ཅིན་ནས་ཕྱིར་རང་ཡུལ་དུ་ཕེབས་པའི་ལམ་བར་རྒྱ་ནག་དྲིན་ཏུ་གྲོང་ཁྱེར་གྱི་གནམ་ཐང་དུ་རྒྱ་གཞུང་གིས་བྱ་བྲལ་རིན་པོ་ཆེ་དང་ལྷན་དུ་གློ་བུར་དུ་འཛིན་བཟུང་བཙོན་འཇུག་བྱས། ཕྱི་ལོ་ ༡༩༩༦ ལོར་གཞིས་རྩེ་ འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ ཉེས་བཙུགས་འོག་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་བ་མ་ཟད། ཆབ་སྲིད་ཀྱི་དབང་ཆ་བཙན་འཕྲོག་བྱས་ཏེ་ལྷ་སའི་གསང་ཡིབ་བཙོན་ཁང་སོགས་སུ་བཙོན་ འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ལོར་ཁོང་ཁྲིམས་ཆད་ཀྱི་དུས་བཀག་རྫོགས་ཀྱང་དུས་ཐོག་གློད་བཀྲོལ་མ་བཏང་བར་རྒྱུ་རྐྱེན་སྣ་ཚོགས་བསྙད་འཚོལ་གྱི་ལྷ་ས་ཁུལ་དུ་ཡོད་པའི་དམག་སྒར་ཞིག་ནང་མུ་མཐུད་དོ་དམ་འོག་བཞག་པ་དང་།  ལོ་ཤས་སྔོན་དམག་སྒར་ནས་གློད་བཀྲོལ་བཏང་ཡང་དགོན་པར་ཞུགས་མ་ཆོག་པར་གཞིས་རྩེ་ས་ཁུལ་ཀླུ་ལྡིང་ཁུལ་དུ་ཡོད་པའི་སྐུ་མཆེད་གཅིག་གི་ཁྱིམ་དུ་བཞུགས་དགོས་བྱུང་ཞིང་། རྒྱུན་དུ་རྒྱ་གཞུང་ཉེན་རྟོག་པའི་ལྟ་སྲུང་ནན་པོའི་འོག་ཕྱི་མི་གཞན་དང་འབྲེལ་གཏུགས་མེད་པར་གནས་དགོས་མ་ཟད། ད་ལམ་བསྙུན་མནར་སྐབས་སུའང་ཉེན་རྟོག་པའི་ལྟ་སྲུང་འོག་ཁོང་ཉིད་ཀྱི་ཐུགས་འདོད་བཞིན་སྨན་བཅོས་བྱ་རྒྱུའི་གོ་སྐབས་མ་སྤྲད་པར་གཞིས་རྩེར་ཡོད་པའི་རྒྱ་གཞུང་གི་དམག་མིའི་སྨན་ཁང་བརྒྱད་གཅིག་ཟེར་བའི་ནང་བཙན་འཁྲིད་ཀྱི་སྨན་བཅོས་ཞུ་ཁུལ་བྱས་ཀྱང་། དོན་དམ་ཅི་བྱས་འདི་བྱས་སུས་ཀྱང་ཤེས་རྟོགས་མེད་པར་སྤན་མཆེད་ལ་རྩིས་སྤྲོད་བྱེད་སྐབས་མིའི་རེ་བ་མེད་པ་ཆགས་ཟིན་ཡོད། ང་ཚོས་འདས་པའི་ལོ་རྒྱུས་མང་པོར་ཕྱིར་དྲན་བྱེད་སྐབས་རྒྱ་ནག་གཞུང་གི་དྲག་ཆས་མི་སྣའི་བྱེད་བབ་དེ་རིགས་ཀྱི་རྒྱབ་ལོགས་སུ་དཔོག་དཀའ་བའི་གསང་བ་ཞིག་ཡོད་མི་སྲིད་པ་མིན་ནམ་སྙམ་ཞིང་། དེ་ལྟར་བོད་མི་གནད་ཡོད་བོད་མི་མང་དག་ཅིག་ལ་རྒྱ་གཞུང་གིས་ཡུན་རིང་ལྟ་རྟོག་དམ་པོའི་འོག་བཞག་རྗེས་མཐར་སྙུན་གཞི་བཞེས་ཁུལ་བརྗོད་དེ་སྐུ་ཚེ་རྫོགས་བཞིན་པའི་གནས་ཚུལ་དེ་དག་བོད་ནང་མུ་མཐུད་ཡོང་བཞིན་པ་འདིས་བོད་ནང་གི་གནད་ཡོད་མི་སྣའི་བདེ་འཇགས་ཐད་ལ་དེ་བས་སེམས་འཚབ་བྱ་དགོས་པའི་གནས་ཚུལ་ཞིག་ཀྱང་ང་ཚོར་དྲན་གསོ་ཡོང་གི་ཡོད་ཅིང་།  གང་ལྟར་དམ་པ་དེ་སྐུ་འཚོ་བཞུགས་རིང་གདན་ས་བཀྲིས་ལྷུན་པོའི་ནང་ཞུ་སྒོ་མཐའ་དག་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཡོད་པ་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ལས་དོན་ནང་ཐོག་མར་མཚོ་མཇལ་རྟགས་གཟིགས་ཀྱི་མཚོན་པའི་ལས་དོན་གྱི་བརྒྱུད་རིམ་ཚང་མའི་འགན་ཁུར་བཞེས་ཡོད་པ་མ་ཟད། ཡང་སྲིད་ངོས་འཛིན་སྔ་ཕྱི་བར་གསུམ་གྱི་ལས་དོན་ནང་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེའི་ཕྱག་རོགས་གཙོ་བོའི་ནུས་པ་འདོན་གནང་མཛད་མཁན་ཞིག་ཡིན་པར་བརྟེན་མཐར་ཆབ་སྲིད་ཀྱི་ཉེས་མིང་ཕོག་སྟེ་ཚེ་མཇུག་བསུན་གཙེར་དང་དམ་བསྒྲགས་ཤུགས་ཆེའི་འོག་སྐུ་ཚེའི་འཕེན་པ་རྫོགས་དགོས་བྱུང་ བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

No comments:

Post a Comment

please write here .....