Wednesday, November 17, 2010

བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་དུས་དེབ་གསར་པ་དབུ་འབྱེད་གནང་བ།

བོད་གཞུང་དྲ་གནས་ལས་བཤུས།
ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༦ ཉིན་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་ཡིག་ཐོག་ཟླ་གསུམདུས་དེབ་ཀུན་གསལ་འོད་སྣང་ཞེས་པའི་དུས་དེབ་དང་པོ་དཔར་སྐྲུན་གྱི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་དོན་གཅོད་ལས་ཁུངས་ཀྱི་འཛིན་ཁང་ནང་ཚོགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དུས་དེབ་ཀྱི་མིང་བྱང་ལ་ཀུན་གསལ་འོད་སྣང་ཞེས་པ་བཀའ་དྲིན་གསོལ་སྩལ་བྱུང་བ་དང་། འདོན་ཐེངས་རེར་ཁྱོན་དེབ་གྲངས་༧༠༠༠ ཐམ་པ་དཔར་སྐྲུན་ཞུས་ཏེ་ཆོས་ཚོགས་ཁག་དང་། དཔེ་མཛོད་ཁང་། རྒྱུན་དུ་འབྲེལ་བ་ཡོད་པའི་མི་སྣ། གཞན་ཡང་དགོས་མཁོ་
ཡོད་མཁན་དད་ལྡན་ནང་པ་རྣམས་ལ་རིན་མེད་ཀྱིས་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་རེད།སྐུ་ཚབ་དོན་གཅོད་ནས་དུས་དེབ་དབུ་འབྱེད་དང་སྦྲག་དཔར་ཕུད་༸གོང་ས་མཆོག་གི་བཞུགས་ཁྲི་རིན་པོ་ཆེའི་འབུལ་ལམ་ཞུས་རྗེས། དུས་དེབ་འདོན་སྤེལ་ཞུ་དགོས་པའི་དགོས་པ་དང་དམིགས་ཡུལ་ངོ་སྤྲོད་གནང་ཞིང་། དེ་ཡང་དོན་གཅོད་ནས་གསུང་དོན། གཙོ་བོ་ཐེ་ཝན་ནང་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་གྲུབ་མཐའ་དང་། བོད་མིའི་རྒྱལ་རབས། མཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་སོགས་ངོ་སྤྲོད་ཞུ་ཆེད་དང་། ལྷག་དོན་ཉེ་བའི་ཆར་ཐེ་ཝན་ནང་བོད་ཀྱི་ནང་ཆོས་ལ་ལོག་འགྲེལ་དང་། ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། དུས་དེབ་གསར་དུ་འདོན་སྤེལ་ཞུས་པ་བརྒྱུད་བོད་ཀྱི་ནང་ཆོས་དང་།་ རིག་གཞུང་སོགས་དངོས་དོན་གསལ་བཤད་དང་ངོ་སྤྲོད་ཞུ་རྒྱུ་གལ་ཆེ་
ཡིན་སྐོར་བཀའ་སློབ་གནང་རྗེས། རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་སོགས་ནས་ཀྱང་དེ་འབྲེལ་གཏམ་བཤད་གནང་།དུས་དེབ་འདིར་ཁྱོན་ཤོག་གྲངས་ ༤༨ ཡོད་ཅིང་། ནང་དོན་གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་དང་། རིས་མེད་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་བོད་ཀྱི་ནང་ཆོས་ངོ་སྤྲོད་གནང་བའི་ནང་དོན། བོད་ཀྱི་ཆོས་འབྱུང་། བོད་ཀྱི་ནང་ཆོས་ཐེ་ཝན་དུ་དར་ཁྱབ། བོད་ཀྱི་གལ་ཆེའི་མི་སྣ་དང་དེའི་མཛད་པ་ངོ་སྤྲོད། བོད་ཀྱི་ནང་ཆོས་གླེང་སྟེགས། བོད་དོན་གསར་འགྱུར།གནས་ཚུལ་གཞན་སོགས་ལེ་ཚན་ཆེ་ཁག་དགུ་ཡོད་འདུག

No comments:

Post a Comment

please write here .....