Saturday, April 17, 2010

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡུལ་ཤུལ་ས་ཡོམ་དང་འབྲེལ་བའི་ཐད་སྩལ་བའི་གསར་འགོད་གསལ་བསྒྲགས།


དཔལ་ལྡན་སྐུ་སྒེར་ཡིག་ཚང་དྲ་གནས་ལས་དྲངས། 
ཉིན་ཤས་སྔོན་རོབ་ཙམ་བཤད་ཟིན་པ་ལྟར་ད་རེས་མཚོ་སྔོན་ཞིང་ཆེན་ཁོངས་བོད་རིགས་རང་སྐྱོང་ཁུལ་གྱི་སྒ་སྐྱེ་རྒུ་མདོ་ཉེ་འཁོར་དང་བཅས་པར་ས་འགུལ་གྱི་འཇིགས་པ་ཚབས་ཆེ་བྱུང་སྟེ་མི་གྲངས་ཧ་ཅང་མང་པོ་རྐྱེན་འདས་དང༌། རྨས་སྐྱོན། དེ་བཞིན་སྡོད་ཁང་དང་ཟ་ཆས་སོགས་གང་ཅིའི་ཆ་ནས་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་པར་བློ་ཕམ་ཚད་མེད་བྱུང་ཡང༌། མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས། ས་ཁད་ཀྱིས་འགྱངས་པས་དངོས་སུ་རོགས་ཕན་བྱ་ཐབས་དབེན།
ད་ལན་རྐྱེན་ངན་བྱུང་སྐབས་ཁུལ་དེའི་གྲྭ་བཙུན་དང་ན་གཞོན་སློབ་ཕྲུག་རྣམས་ཀྱིས་མཚོན་རང་རིགས་མང་པོས་ངལ་བ་ཁྱད་བསད་ཀྱིས་ངལ་སེལ་རོགས་སྐྱོར་ཧུར་ཐག་བྱས་འདུག་པར་དགའ་སྤོབས་བརྟས་ཤིང༌། ཚང་མར་ལེགས་སོའི་བསྔགས་བརྗོད་དང༌། འབྱུང་འགྱུར་ཡང་གཞན་དོན་འགན་འཁུར་དང་ལེན་བྱེད་རྒྱུ་བྱང་སེམས་ཀྱི་བསླབ་བྱ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལག་ཏུ་བླངས་པ་ཡིན་པས་བཟང་སྤྱོད་དེ་དག་རྒྱུན་སྐྱོང་དགོས་པའི་རེ་སྐུལ་བྱེད་རྒྱུ་ཡིན།
དེ་བཞིན་དབུས་སའི་དབུ་ཁྲིད་སྤྱི་དང༌། ལྷག་པར་སྲིད་བློན་ཝུན་ཅཱ་པའོ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ས་གནས་སུ་ངོ་ཕེབས་ཐོག་མང་ཚོགས་ལ་སེམས་གསོ་དང༌། ཉེན་སྐྱོབ་ངལ་སེལ་གྱི་ལས་གཞི་ཁག་ལ་གཟིགས་སྐྱོང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ཐོག་གནས་ཚུལ་ཁྱབ་སྤེལ་ཐུབ་པ་བྱུང་བ་བཅས་ལ་ངོས་ནས་ཡི་རངས་བསྔགས་བརྗོད་བྱེད་རྒྱུ་དང༌།
ཕྱི་ལོ་ ༢༠༠༨ ལོར་ཟི་ཁྲོན་དུ་དེ་འདྲའི་ས་འགུལ་བྱུང་སྐབས་རྒྱ་ནག་དབུས་སའི་གཞུང་དང༌། ཆེས་མཐོའི་དབུ་ཁྲིད་རྣམ་པས་ཐུགས་སྣང་ཆེན་པོས་ཉེན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དང༌། ལྷག་པར་གསར་འགྱུར་བརྒྱུད་ལམ་ལ་ཚོད་འཛིན་མ་བྱས་པར་ཕྱི་གསལ་ནང་གསལ། དེ་བཞིན་རྒྱལ་སྤྱིའི་ཉེན་སྐྱོབ་མཐུན་རྐྱེན་རྣམས་དཀའ་ཚེགས་མེད་པར་ས་གནས་ས་ཐོག་ཏུ་འབྱོར་ཐུབ་པ་བྱུང་བ་བཅས་ལ་ཡི་རངས་བསྔགས་བརྗོད་བྱས་ཡོད་ཅིང༌། ད་ལམ་ཡང་དེ་དང་མཚུངས་པ་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་དངོས་དངུལ་གྱི་རོགས་སྐྱོར་མཐུན་རྐྱེན་གང་ཐུབ་བྱེད་འདོད་ཡོད་པ་བཞིན་བརྒྱུད་ལམ་ཚད་ལྡན་ཞིག་བྱུང་འཕྲལ་ཁུངས་སུ་གཏོང་ཐུབ་རེ་ཡོད།
རྐྱེན་ངན་གོད་ཆགས་ཀྱི་འོག་སྡུག་བསྔལ་གྱིས་མནར་བ་ཚོ་དང་ངོ་ཐུག་གིས་སྡུག་བསྔལ་མཉམ་མྱོང་དང་སྨོན་ལམ་རེ་འདེབས་ཐུབ་ན་སྙམ་པའི་རེ་བས་དེ་སྔོན་ཟི་ཁྲོན་དུ་གོད་ཆགས་བྱུང་སྐབས་འགྲོ་འདོད་བྱུང་ཡང་ཐབས་ཤེས་བྲལ། སྔ་ལོ་ཐའེ་ཝན་དུ་ཆུ་ཉེན་བྱུང་སྐབས་ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་དང་མཉམ་དུ་ཐུག་འཕྲད་དང༌། སེམས་གསོ་སྨོན་ལམ་བྱ་རྒྱུའི་གོ་སྐབས་ཐོབ་པ་དེས་རང་ཉིད་ཡིད་བློ་ཚིམས་པ་མ་ཟད། མང་ཚོགས་ལའང་ཕན་ཐོགས་གང་ལེགས་བྱུང་སོང་སྙམ། ད་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ།
མཐའ་དོན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་ཉེན་སྐྱོབ་རོགས་རམ་ས་གནས་ས་ཐོག་ཏུ་ཡོང་བའི་རེ་སྐུལ་དང༌། རྐྱེན་ངན་འོག་ཚུད་པའི་འཚོ་བཞུགས་མང་ཚོགས་རྣམས་ལ་ཡིད་སྐྱོ་རེ་ཆད་ཞུམ་པ་མི་བྱེད་པར་ལས་འབྲས་ལ་ཡིད་ཆེས་ཀྱིས་རྐྱེན་ངན་གྲོགས་སུ་སྒྱུར་ཐུབ་པའི་དཀའ་ངལ་གདོང་ལེན་དང༌། མདུན་བསྐྱོད་ཀྱི་བསམ་པ་བརྟན་པོས་ཉམས་གསོ་དང་འཛུགས་སྐྲུན་གྱི་ལས་རིམ་ལ་ཧུར་བརྩོན་དགོས་པའི་གཞེན་སྐུལ་ཞུ་རྒྱུ་དང༌། འདས་གསོན་ཚང་མར་དུས་ཀུན་དགེ་བའི་མཆོག་གསུམ་གསོལ་འདེབས་རྟག་ཏུ་བྱེད། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༧ ལ།།

No comments:

Post a Comment

please write here .....