Monday, November 2, 2009

རྒྱ་ནག་གཞུང་གིས་ྋགོང་ས་སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་བོད་མིའི་ངོ་ཚབ་མཚོན་མི་ཐུབ་ཅེས་ཁྱོག་བཤད་ཀྱི་དྲིལ་བསྒྲགས་སྤེལ་བར་བཙན་བྱོལ་བོད་གཞུང་གིས་དགག་ལན།

༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།    ཡོང་ཁུངས་བོད་གཞུང་དྲ་གནས།་ 
༄༅།།རྒྱལ་སྤྱིའི་ཁྱོན་ཡོངས་སུ་གུས་བརྩི་དང་སྙན་པར་གྲགས་པའི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་ལ་གནོད་སྐྱོན་གཏོང་ཐབས་སུ།རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་"ཏྭ་ལའི་བླ་མས་བོད་མི་མང་གི་ངོ་ཚབ་མཚོན་མི་ཐུབ་"པའི་བསྙོན་འཛུགས་བྱས་ཡོད།ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆོས་སྲིད་གཉིས་ཀའི་བླ་ན་མེད་པའི་དབུ་ཁྲིད་ཡིན་པའི་འདུ་ཤེས་འཛིན་མཁན་ནི་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཙམ་མ་ཟད།ད་ལྟའི་ཆར་གནས་ཚུལ་ཁྱབ་སྤེལ་མྱུར་ཞིང༌།མི་མང་གི་གོ་རྟོགས་ཡར་རྒྱས་ཕྱིན་པའི་དབང་གིས།རྒྱ་རིགས་མང་པོ་ཞིག་ནས་ཀྱང་ྋགོང་ས་མཆོག་ལ་གུས་བརྩི་དང༌།ཁོང་གིས་བོད་རྒྱ་གཉིས་ཀའི་ཕུགས་ཀྱི་ཁེ་ཕན་ལ་དགོངས་ཏེ།བོད་ཀྱི་གནད་དོན་དེ་རྙོག་འཛིངས་ཞེ་དྲག་མེད་པའི་ཐོག་ནས་གཉིས་སྨན་འགྲིག་ཐབས་ཀྱི་ལམ་ནས་འབད་འབུངས་གནང་བར་བསྔགས་བརྗོད་ཞུས་ཡོད།བོད་མིའི་དད་པ་དང་ཡིད་ཆེས་ཀྱི་སྐྱབས་གནས་ཡིན་པའི་ཆ་ནས།ྋགོང་ས་མཆོག་གིས་ཁོང་ཉིད་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ཡིན་པའང་བཀའ་སྩལ་ཡོད།
ཕྱི་ལོ་༡༩༤༩ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་བཙན་འཛུལ་བྱས་རྗེས།བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སྟེང༌།སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་འགན་དབང་བདག་གིར་བཞེས་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད།ཕྱི་ལོ་༡༩༥༤ལོར་ྋགོང་ས་མཆོག་རྒྱ་ནག་ལ་ཕེབས་ཏེ།མའོ་དང༌།ཏེང་ཤའོ་ཕེང༌།ཀྲོའུ་ཨེན་ལེ་སོགས་དང་མཇལ་འཕྲད་གནང་བ་དེའི་སྐབས་སུའང༌།བོད་ཀྱི་དབུ་ཁྲིད་ཀྱི་ངོ་བོའི་ཐོག་ནས་གནང་བ་ཞིག་ཡིན་པས།"ཏྭ་ལའི་བླ་མས་བོད་མིའི་ངོ་ཚབ་བྱེད་མི་ཐུབ་་  འོག་ཏུ་བསྣན་ཏེ་མུ་མཐུད་གཟིགས༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
"ཅེས་རྒྱ་ནག་གི་དབང་འཛིན་པ་ཚོས་འགྲེལ་པ་ལོག་བཤད་བྱས་པ་དེ་ནི་བོད་རྒྱ་འབྲེལ་བའི་སྐོར་གྱི་འབྱུང་རབས་ལོ་རྒྱུས་ཀྱི་དངོས་ཡོད་གནད་དོན་དང་ཡོངས་སུ་འགལ་བ་ཞིག་རེད།
བོད་མི་རྣམས་ཀྱིས་ྋགོང་ས་མཆོག་གང་དུ་བཞུགས་པའི་གནས་དེ་ཉིད་རང་བཞིན་གྱིས་བོད་གཞུང་གི་ལྟེ་གནས་ཡིན་པའི་ངོས་འཛིན་ཞུ་ཡི་ཡོད།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི།ྋགོང་ས་མཆོག་སྐུ་ངོ་མས་བཙན་བྱོལ་བོད་མིའི་སྲིད་གཞུང་དང་སྤྱི་ཚོགས་དེ།ཡང་དག་པའི་མང་གཙོའི་ལམ་ལུགས་ལ་བཅོས་བསྒྱུར་བཏང་གནང་མཛད་ཡོད།འཛམ་གླིང་ས་ཕྱོགས་ཀུན་གྱི་མང་གཙོའི་རྒྱལ་ཁབ་ཕལ་མོ་ཆེའི་མང་གཙོའི་ཐོབ་ཐང་དང་དབང་ཆ་འཐབ་རྩོད་བྱས་པའི་ལོ་རྒྱུས་ནང༌།མི་མང་ནས་ལུས་སྲོག་དང་ཁྲག་ལ་བརྟེན་ནས་འཐབ་རྩོད་བྱས་ཏེ།རྒྱལ་ཁབ་ཀྱི་དབང་འཛིན་པའི་ལག་ནས་མང་གཙོའི་ཐོབ་ཐང་འཕྲོག་ལེན་བྱས་པ་ཤ་སྟག་ཡིན་ནའང༌།བོད་མིའི་སྤྱི་ཚོགས་ནང་གནས་སྟངས་དེ་དེའི་ལྡོག་ཕྱོགས་སུ་འགྱུར་ཡོད།ྋགོང་ས་མཆོག་ནས་ཁོང་ཉིད་ཀྱི་ཁྲིམས་མཐུན་གྱི་ འགན་དབང་ཡོངས་རྫོགས་བོད་མི་མང་དང༌།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རྩིས་སྤྲོད་གནང་ཐབས་སྔ་རྗེས་ལན་མང་གནང་ཡོད་ཀྱང༌།བོད་མི་མང་དང་གྲོས་ཚོགས་ནས་དེ་ལྟར་ངོས་ལེན་མ་ཞུས་པར།ྋགོང་ས་མཆོག་ནས་མུ་མཐུད་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འགན་དབང་བཞེས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་ཡོད།
བཙན་བྱོལ་དུ་ཕེབས་རྗེས་ཀྱི་ལོ་ཤས་ནང༌།ཕྱི་ལོ་༡༩༦༣ལོར་ྋགོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆེད་དུ་མང་གཅོའི་རྩ་ཁྲིམས་རགས་ཟིན་ཞིག་འདོན་སྤེལ་གནང་སྟེ།བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཁག་མང་གཙོ་ཅན་དུ་འགྱུར་བའི་བཅོས་བསྒྱུར་ལུ་གུ་རྒྱུད་དུ་སྤེལ་ཡོད།ཕྱི་ལོ་༡༩༩༢ལོར་པར་སྐྲུན་འགྲེམས་སྤེལ་བྱེད་འགོ་བཙུགས་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཞེས་པ་དེའི་ནང༌།"མ་འོངས་པར་ངོས་ནས་བོད་གཞུང་གི་འགན་ཁུར་དང༌།ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་སྔོན་ནས་ཐག་བཅད་ཟིན་པ་ཡིན།"
ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་ཞིག་ཡིན།རང་དབང་ཡུལ་གྲུ་ཁག་གི་སྲིད་གཞུང་དང༌།གྲོས་ཚོགས།མི་མང་བཅས་ནས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལ་བསྔགས་བརྗོད་བྱས་ཡོད་པ་མ་ཟད།ྋགོང་ས་ཏྭ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་གི་སྒྲིག་འཛུགས་ཁག་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་ཡིན་པ་དེར་བློ་གཟུ་བོར་གནས་པའི་རྒྱ་རིགས་ཕོན་ཆེ་ནས་ཀྱང་ཡིད་སྨོན་བྱེད་ཀྱི་ཡོད།
ྋགོང་ས་མཆོག་ནས་བོད་མིའི་སྐུ་ཚབ་མཚོན་ཐུབ་དང་མི་ཐུབ་ཀྱི་དཔེ་མཚོན་གཞན་ཞིག་ནི།སྔ་ལོ་བོད་མིའི་གནས་སྡོད་ས་ཁུལ་ཡོངས་རྫོགས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་མི་མང་སྒེར་ལངས་བྱས་ཏེ།ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཁོང་ཚོས།"རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག"རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས།"ཞེས་བོད་མི་རྒན་དར་གཞོན་གསུམ་མགྲིན་དབྱངས་གཅིག་གྱུར་གྱིས་རང་སྲོག་འབེན་ལ་བཙུགས་ཏེ་གཞི་རྒྱ་ཆེ་བའི་སྐད་འབོད་བྱས་པའི་བྲག་ཅ་འཛམ་གླིང་ཡོངས་ལ་ཁྱབ་ཡོད།
ཉེ་བའི་ཆར་རྒྱ་ནག་གི་མི་མང་ཕལ་མོ་ཆེས་རང་སོ་སོའི་གཞུང་གི་གནས་ཚུལ་དྲིལ་བསྒྲགས་བྱས་པ་རྣམས་ཁུངས་ལྡན་དངོས་ཡོད་ཡིན་མིན་ཐད་བློ་དོགས་སྐྱེ་དགོས་པ་ཆགས་ཡོད།དཔེར་ན།བོད་ནང་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སྐབས།༢༠༠༨ཟླ་༣ཚེས་༢༢ཉིན་རྒྱ་རིགས་མཁས་པ་ཁག་གཅིག་གིས།བོད་ཀྱི་གནད་དོན་དེ་"རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དང་བཀའ་མོལ་བརྒྱུད་སེལ་ཐབས་གནང་དགོས་"པ་དང༌།བོད་ནང་ཟིང་འཁྲུག་བྱུང་བ་དེ་དག"ཏཱ་ལའི་རུ་ཚོགས་༵
"ཀྱིས་ཇུས་འགོད་ཡིན་ལུགས་རྒྱ་ནག་གཞུང་ནས་བསྙོན་འཛུགས་བྱས་པ་དེ་ཁུངས་སྐྱེལ་ར་སྤྲོད་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་ལ་བློ་དོགས་དང༌།ལྟ་ཚུལ་ངན་པ་འཛིན་པ་དེ་བསྒྱུར་བཅོས་གཏོང་དགོས་པའི་ཞུ་སྙན་ཕུལ་ཡོད།ཞུ་སྙན་དེས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ནས་བོད་ནང་ཟིང་འཁྲུག་བྱུང་རྐྱེན་ཐོག་ལ་རྒྱ་ནག་གི་ཁུངས་སྐྱེལ་དཔང་རྟགས་དང༌།ཟིང་འཁྲུག་ནང་འདས་གྲོངས་ཕྱིན་པའི་མི་གྲངས་སོགས་ཀྱི་སྐོར་ལ་རང་དབང་ཐོག་ནས་ཞིབ་འཇུག་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།འོན་ཀྱང་རྒྱ་ནག་གིས་ད་ལྟའི་བར་དུ་བོད་ལ་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་གང་ཡང་བཏང་མེད།
གལ་ཏེ་ྋརྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་འགྲུབ་པ་ནས་རྩིས་ན།ཏཱ་ལའི་བླ་མའི་སྒྲིག་འཛུགས་ལམ་ལུགས་ཆགས་པའི་དུས་ཡུན་ནི་ད་བར་ལོ་ངོ་༦༠༠ཙམ་དང༌།སོག་པོའི་འགོ་དཔོན་ཨལ་ཐན་ཁཱང་གིས་ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ལ་ཏཱ་ལའི་བླ་མ་ཞེས་མཚན་བསྟོད་ཕུལ་བའི་དུས་སྐབས་ནས་རྩིས་ནས་ལོ་༤༥༠ཕྱིན་ཡོད།ཡང་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བདག་དབང་བཞེས་པའི་སྐབས་ནས་རྩིས་ན་ལོ་༣༦༧ཆགས་ཡོད།
རྒྱལ་སྤྱྀའི་ནང་སྲིད་གཞུང་ཞིག་གིས་རྒྱལ་རབས་ལོ་རྒྱུས་སྟེང་ནས་སོ་སོའི་སྒྲིག་འཛུགས་དང་སྲིད་ཁྲིམས་ཀྱི་འབྱུང་ཁུངས་འདི་ལྟ་བུའི་དུས་ཡུན་ལ་གཏུགས་ཐུབ་པའི་རིགས་ཧ་ཅང་དཀོན།ཏཱ་ལའི་བླ་མའི་སྲིད་གཞུང་གི་སྒྲིག་འཛུགས་ལ་མཚོན་ན་མིང་རྒྱལ་རབས་དང༌།མན་ཇུའི་རྒྱལ་རབས།རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་གཞུང་སོགས་བརྒྱུད་ཡོད་པ་དང༌།སྲིད་གཞུང་མངའ་དབང་གི་དུས་ཡུན་རིང་ཐུང་ཐོག་ལ་ཏཱ་ལའི་བླ་མའི་སྒྲིག་སྲོལ་གྱིས་རྒྱ་ནག་དམར་ཤོག་གི་སྲིད་གཞུང་ལའང་འགྲན་ཐུབ་པ་ཞིག་ཡིན།ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་གཅིག་པུར་བརྩིས་ནའང་རྒྱ་ནག་དམར་ཤོག་གཞུང་གི་དུས་ཡུན་དང་འགྲན་ཐུབ་པ་ཞིག་རེད།
རྒྱ་ནག་དང་དམར་ཤོག
ལོ་རྒྱུས་རིང་ཞིང༌།བརྒྱུད་པ་བར་མ་ཆད་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་ཁྱད་འཕགས་འདི་དང་བསྡུར་ན།རྒྱ་ནག་དམར་ཤོག་ཚོགས་པ་ནི།ཕྱི་ལོ་༡༩༢༡འགོ་སྟོད་དེར།རྒྱ་ནག་ནང་ཁུལ་ལ་འཐབ་འཁྲུག་ཆེན་པོ་བྱུང་བ་དེས་རྒྱལ་ནང་ལ་གཏོར་བཤིག་ཚབས་ཆེན་ཕོག་སྟེ།མི་མང་རྣམས་ཡུལ་གཞན་དུ་གྱུར་བ་དང༌།མུ་གེས་མནར་བ།འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཁྲུག་སོགས་ཀྱི་ཟིང་ཆ་འདུ་ལོང་ཆེ་བའི་དུས་སྐབས་དེའི་མཐའ་མར་དམར་ཤོག་ཚོགས་པས་རྒྱལ་ཁ་བླངས་ནས་༡༩༤༩རྒྱ་ནག་དབང་བསྒྱུར་བྱས་པ་ཞིག་ཡིན།
འདི་ལོའི་ཟླ་༡༠ཚེས་༡ཉིན་ནི་གུང་ཁྲན་ཏང་གི་སྲིད་གཞུང་བཙུགས་ཏེ་ལོ་༦༠འཁོར་བའི་དུས་དྲན་རེད།དེར་རྒྱ་ནག་གཞུང་གིས་མཛད་སྒོ་ཟབ་རྒྱས་སྤེལ་ཏེ་དུས་སྟོན་སྲུང་བརྩི་རྒྱ་ཁྱབ་ཞུ་རྒྱུ་ནི་སྨོས་མེད་རེད།ང་ཚོའི་དམིགས་ཡུལ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་གྲུབ་འབྲས་ལ་ངོས་ལེན་མི་བྱེད་པ་དེ་མིན།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པ་དེ་ནི་རླབས་ཆེན་གྱི་གྲུབ་འབྲས་ཤིག་རེད།ལྷག་པར་དུ་དེ་སྔ་རྒྱ་ནག་རྒྱལ་ཡོངས་སུ་དམག་ཤེད་ཅན་ཁག་གིས་ས་ཁོངས་བཅད་བཟུང་བྱས་ཏེ་རྒྱལ་ཕྲན་དུ་མར་ཁ་གྱེས་ཡོད་པ་མ་ཟད།ས་ཁུལ་དེ་དག་བར་ཕན་ཚུན་དམག་འཐབ་བྱེད་པའི་གནས་སྟངས་དེར་གཞིགས་ན།རྒྱ་ནག་སྤྱི་མཐུན་རྒྱལ་ཁག་བཙུགས་ཐུབ་པ་དེ་ཧ་ཅང་གི་ལེགས་སྒྲུབ་ཆེན་པོ་ཞིག་རེད།
དམག་ཤེད་ཅན་གྱི་དུས་སྐབས་དེར།པེ་ཅིང་དང་ནན་ཅིན་ཞེས་རྒྱལ་ས་ཁག་གཉིས་ཀས་རྒྱ་ནག་རྒྱལ་ཡོངས་ལ་དབང་བསྒྱུར་བྱེད་ཁུལ་གྱི་རྣམ་པ་བསྟན་ཡོད་ལ།རྒྱ་ནག་ཁྱོན་ཡོངས་ཀྱི་ས་ཁུལ་ནས་ཀྱང་གོང་གསལ་རྒྱལ་ས་ཁག་གཉིས་ཀྱི་མངའ་འོག་ཏུ་གནས་ཡོད་ཁུལ་བྱས་ཡོད།འོན་ཀྱང༌།དོན་དངོས་ནི་དེ་དུས་རྒྱལ་ཕྲན་ཚང་མ་རང་དབང་རང་བདག་ཐོག་ཁེ་གཙང་གནས་ཡོད་པ་མ་ཟད།སྐབས་དུ་མར་རྒྱལ་ཕྲན་དེ་དག་གིས་རྒྱལ་ས་ཁག་གཉིས་ཆུ་སྣ་གར་འཁྲིད་ལྟ་བུ་ཆགས་ཡོད།
ཕྱི་ལོ་༡༩༤༩ལོར་རྒྱ་ནག་ཡོངས་རྫོགས་ཆེིག་བསྒྲིལ་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་དེ་དམར་ཤོག་ཚོགས་པས་འདས་པའི་ལོ་༦༠ནང་ཕངས་མེད་ངང་དུས་ཟད་དུ་བཏང་ཡོད།འདུ་ཤེས་འཛིན་སྟངས་དེ་གཞུང་འཛིན་ཚགས་ཚུད་ལས་གཙིགས་ཆེར་བྱེད་པ་དང༌།དཔལ་འབྱོར་འདུ་འགོད་ལས་ཆབ་སྲིད་ཀྱི་ལས་འགུལ་གཙིགས་ཆེར་འཛིན་པ།མཉམ་སྡེབ་ཀྱི་ཐག་གཅོད་ལས་སྒེར་གྱི་དབང་བསྒྱུར་ལ་མཆོད་བཀུར་གཙིགས་ཆེར་འཛིན་ཆེ་དྲགས་པའི་རྐྱེན་གྱིས།རླབས་ཆེན་གྱི་རྒྱལ་ཁབ་དེ་རྩ་སྟོར་གཏོང་ཉེན་ལ་གཏུགས་ཡོད།
དེང་སང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་ཚད་དེ་འཛམ་གླིང་ནང་ཆེས་མྱུར་ཤོས་ཡིན་པའི་རྒྱུ་རྐྱེན་གཙོ་བོ་ནི།ཏིང་ཞའོ་ཕིང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འདུ་འགོད་དེ་གནད་དོན་གཞན་ཐམས་ཅད་ལས་གཙིགས་ཆེར་བཟུང་བའི་རྐྱེན་གྱིས་ཡིན།འོན་ཀྱང༌།དཔལ་འབྱོར་ཡར་རྒྱས་ཇི་ཙམ་སོང་ཡོད་ནའང༌།རྒྱལ་ཁབ་ཀྱི་སྲིད་ཁྲིམས་ཐད་སྟོང་ཆ་ཆེན་པོ་ཞིག་ལྷག་བསྡད་ཡོད་ཅིང༌།ཁྲིམས་ཀྱི་དབང་བསྒྱུར་དང༌།སྒྲིག་འཛུགས་ཕན་ཚུན་བར་དབང་ཆ་ལྗིད་མཉམ་སྟངས་འཛིན་སོགས་མེད་པའི་རྐྱེན་གྱིས།རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དེ་ཡང་ལུགས་མེད་ཟང་ཟིང་ཞིག་ཏུ་གྱུར་ཡོད།
རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཀྱི་ངོ་མཚར་ཆེ་བའི་གྲུབ་འབྲས་དེ་ནི།རྒྱལ་ནང་དུ་དཀའ་ལས་རྒྱག་བཞིན་པའི་ངལ་རྩོལ་མི་མང་གི་བདེ་དོན་བློས་བཏང་བ་ལས་བྱུང་བ་ཞིག་རེད།གུང་ཁྲན་ཏང་སྲིད་གཞུང་གི་དབང་འཛིན་མི་སྣ་དང༌།ཚོང་པའི་སྤྱི་ཚོགས་གཉིས་གཅིག་ལ་གཅིག་འབྲེལ་གྱིས་ཕན་ཚུན་དངུལ་དངོས་དང་དབང་ཆའི་གནོན་ཤུགས་སོགས་རྒྱབ་རྟེན་སྤྲོད་ལེན་བྱེད་ཀྱི་ཡོད།མི་ཚོགས་དེ་དག་གིས་སོ་སོའི་སྒེར་གྱི་ཁེ་དབང་ཁོ་ནར་བསྒྲུབ་པའི་ཆེད་ངལ་རྩོལ་བ་རྣམས་ལ་བཤུ་གཞོག་གཏོང་བཞིན་ཡོད།
གུན་ཁྲན་ཏང་དང་སྲིད་གཞུང་གི་ལས་བྱེད་རྣམས་ངན་པ་ཁ་མཐུན་བྱས་ཏེ་འདོད་རྔམས་ཅན་གྱི་ཚོང་པ་རྣམས་ལ་རྒྱབ་བརྟེན་དང་མཐུན་རྐྱེན་སྦྱོར་བ་དང༌།དེའི་དྲིན་ལན་དུ་ཚོང་པ་ཚོས་ལས་བྱེད་རྣམས་ལ་དངུལ་དངོས་སྦྱིན་པ་སོགས་ཀྱི་བརྒྱུད་ནས།རང་སོ་སོའི་སྒེར་གྱི་ཁེ་ཕན་ཁོ་ནར་བསྒྲུབ་ཐབས་སུ་ངལ་རྩོལ་བ་རྣམས་ལ་བཤུ་གཞོག་གཏོང་བཞིན་ཡོད།
རྒྱ་ནག་ནང་མི་མང་པོ་ཞིག་ཕྱུག་པོར་གྱུར་ཡོད་པ་དངོས་ཡོད་རེད།འོན་ཀྱང་རྒྱུ་ནོར་འདི་དག་གི་ཡོང་ཁུངས་ནི་རྒྱ་ནག་གི་སྤྱི་ཚོགས་ལམ་ལུགས་རྩ་བ་ནས་དྲང་བདེན་མིན་པ་དེ་ལས་བྱུང་ཡོད།མཁས་པ་ཁག་ཅིག་གིས་གོང་གསལ་གྱི་གནས་སྟངས་དེར་འཕྲོག་བཅོམ་རང་བཞིན་གྱི་རྒྱལ་ཁབ་ཅེས་འགྲེལ་བརྗོད་བྱས་ཡོད།
རྒྱ་ནག་དང་རྒྱལ་སྤྱིའི་མི་མང་གི་མདུན་ངོར།རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ཁྲིམས་མཐུན་ཡིན་མིན་གྱི་རྒྱབ་བརྟེན་ཉིན་རེ་བཞིན་སྣུམ་ཟད་ཀྱི་མར་མེ་བཞིན་ཟད་འགྲོ་བའི་སྐབས་འདིར།ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་ཡོད།ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འབྱུང་ཁུངས་དེ་བོད་མིའི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡིན་ནའང༌།རྒྱལ་བ་སྐུ་ཕྲེང་གསུམ་པས་སོག་པོ་ཡོངས་རྫོགས་ནང་པར་བསྒྱུར་བ་དང༌།རྒྱལ་བ་སྐུ་ཕྲེང་བཞི་པ་སོག་པོའི་མི་རིགས་ནང་འཁྲུངས་རྗེས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་དབུས་ཨེ་ཤ་ཡ་གླིང་ཕྲན་གྱི་སྒྲིག་འཛུགས་ཤིག་ལ་བསྒྱུར་ཡོད།རྒྱལ་བ་སྐུ་ཕྲེང་ལྔ་པས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་དབུས་ཨེ་ཤ་ཡའི་སྒྲིག་འཛུགས་ཤིག་ཡིན་པའི་ཐོག་ལ།ཧི་མ་ལ་ཡ་རི་རྒྱུད་ཀྱི་སྒྲིག་འཛུགས་ཤིག་སྟེ།སྒྲིག་འཛུགས་དེའི་རྩ་བ་ནང་པའི་རྒྱལ་ཁབ་རྒྱ་ནག་ལའང་ཐུག་ཡོད་པ་ཞིག་ལ་བསྒྱུར་ཡོད།
རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་རྒྱལ་སྤྱི་རང་བཞིན་ལྡན་པའི་སྒྲིག་འཛུགས་ཤིག་ལ་བསྒྱུར་ཡོད།དེ་ཙམ་མ་ཟད།ྋགོང་ས་མཆོག་གིས་བོད་མི་རྣམས་ལ་རང་དབང་གསོལ་རས་སྩལ་གནང་ཡོད་ལ།མི་མང་ལ་མང་གཙོ་དང༌།གདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡང་ལེགས་སྐྱེས་སུ་ཕུལ་གནང་ཡོད།གནད་དོན་འདི་དག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱུན་རིང་གནས་པའི་གསོན་ཤུགས་སྦྱིན་པར་གསལ་བཤད་ཐུབ་ཡོད།
རྒྱལ་རབས་ལོ་རྒྱུས་ནང་བཙན་པོའི་རྒྱལ་ཁབ་རོམ་གྱི་མི་སེར་ཚོས་རོམ་ལ་ཁྲལ་སྤྲོད་འོས་མིན་སྐོར་ཡེ་ཤུ་ལ་འདྲི་སྐབས།ཡེ་ཤུས།གང་ཞིག་བཙན་པོསི་ཛར་གྱི་ཡིན་པ་དེ་སི་ཛར་ལ་འབུལ་དགོས།གང་ཞིག་ལྷའི་ཡིན་པ་དེ་ལྷ་ལ་འབུལ་དགོས།ཞེས་གསུངས་ཡོད།ཆབ་སྲིད་ཀྱི་དཀའ་ངལ་སེལ་བར་དབུ་མའི་ལམ་ཞིག་བེད་སྤྱོད་གནང་ཡོད་ནའང༌།ཡེ་ཤུ་རྒྱང་ཤིང་ལ་བཏགས་ནས་མནར་གཅོད་བཏང་ཡོད་པ་མ་ཟད།རྒྱལ་ནང་དུ་ཁོང་གི་རྗེས་འཇུག་པ་ཡོངས་རྫོགས་ལ་སྡུག་སྦྱོང་ཕོག་ཡོད།ཁོང་གི་རྗེས་འཇུག་པ་མང་པོ་ཞིག་དམ་སེང་གི་ཚང་ནང་གཡུག་པའང་བྱུང་ཡོད།དེ་དག་བྱེད་དགོས་དོན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་བསམ་བློ་གསར་པས་ཤུགས་རྐྱེན་འགོག་ཐབས་ཆེད་ཡིན་ནའང༌།མཐའ་མར།རོམ་རྒྱལ་ཁབ་ཐོར་ཞིག་སོང་རྗེས་ཡེ་ཤུའི་ཆོས་ལུགས་དེ་འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་ཕྱིན་པ་མ་ཟད།རོམ་གྱི་ཝེ་ཀྲི་ཀན་ནང་ཡེ་ཤུའི་ཆོས་ལུགས་ཀྱི་བླ་ཆེན་མཐོ་ཤོས་སྤོབ་ཀྱི་མངའ་དབང་བཙུགས་ཡོད།ཡེ་ཤུས་ཞི་བདེ་དང༌།སེམས་བཟང༌།བཟོད་བསྲན་བཅས་ཀྱི་བཟང་སྤྱོད་ཁྱབ་སྤེལ་འགོ་འཛུགས་སྐབས་ཁོང་ལ་སློབ་མ་༡༢ལས་མེད་ཀྱང༌།ཁོང་གིས་བསྟན་པའི་བསླབ་བྱས་མཐའ་མ་བཙན་པོའི་རྒྱལ་ཁབ་ཅིག་བཏུལ་ཐུབ་པ་བྱུང་ཡོད།
བཟོད་བསྲན་དང༌།འོས་བབས་ཀྱི་ཐོག་ལ་ཆོས་ལུགས་དང།འགྲོ་བ་མིའི་སྙིང་སྟོབས་དང་འགྲན་ཐུབ་པའི་རྒྱལ་ཁབ་ཅིག་བྱུང་མེད།གནད་དོན་འདི་མན་ཇུ་གོང་མ་བདེ་སྐྱོང་ཁང་ཞུའི་ཡིས་མཁྱེན་ཡོད་པ་མངོན་གསལ་སྟེ།ཁོང་གིས་རྒྱལ་བ་སྐུ་ཕྲེང་བདུན་པར་ཕུལ་པའི་ གནས་འཕྲིན་དེའི་ནང༌།
"ཐམས་ཅད་མཁྱེན་པ་འཛམ་གླིང་དུ་ཉི་མ་ཤར་བ་ལྟ་བུ་སྦར་མོས་འགེབ་ཐུབ་པ་མི་ཡོང༌།ཁོ་རང་གི་ཐུགས་རྗེ་དང༌།འཕྲིན་ལས་ཀྱི་འོད་ཟེར་ས་སྟེང་ཐམས་ཅད་ལ་ཁྱབ་པས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་འབྱུང༌།"ཞེས་གསལ་བ་ལྟར།ཏཱ་ལའི་བླ་མས་བསྟན་པའི་ནང་པ་སངས་རྒྱས་པའི་ཆོས་དང༌།ཁོང་སྐུ་ཉིད་ཀྱིས་དངོས་སུ་མི་གང་ཟག་སོ་སོའི་འཚོ་བ་སྐྱེལ་སྟངས་ཐོག་མིག་དཔེ་སྟོན་གནང་མཛད་པ་དེས།འཛམ་གླིང་མི་མང་ས་ཡ་མང་པོའི་འཚོ་བའི་ནང་འཕོ་འགྱུར་དང།ཤུགས་རྐྱེན་བཟང་པོ་བཟོས་ཡོད།མི་རྣམས་ལ་རེ་བ་དང༌།སེམས་བཟང་པོ།བཟོད་བསྲན་སོགས་བྱེད་དགོས་པའི་ཏཱ་ལའི་བླ་མའི་བཀའ་སློབ་དེ་དག་རྒྱ་ནག་དམར་ཤོག་གི་ས་་ཕྱོགས་ཡོངས་ལའང་ཁྱབ་གདལ་དུ་ཕྱིན་ཡོད།
འདི་ལོ་འཇི་ནི་ཝར་ཚོགས་"པའི་༼རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན༽གྱི་དངོས་གཞིའི་ཡིག་ཆའི་ནང་ཡོངས་ཁྱབ་གསལ་བསྒྲགས་བྱས་དོན།"ྋགོང་ས་ཏཱ་ལའི་བླ་མ་མཆོག་རང་ཡུལ་དུ་ཕྱིར་ལོག་གནང་རྒྱུ་ནི་ཁོང་གི་གཞི་རྩའི་ཁེ་དབང་ཡིན་སྟབས་དེར་གུས་བརྩི་ཞུ་དགོས་པ་"ཞེས་དང༌།ཡང་"ྋགོང་ས་མཆོག་གིས་རྒྱ་རིགས་མི་མང་རྣམས་ལ་ཆོས་ཀྱི་བྱིན་རླབས་བསྩལ་ཆེད་བཙན་བྱོལ་བོད་གཞུང་ནས་དེའི་ཆེད་ཁོར་ཡུག་བསྐྲུན་དགོས་"ཞེས་གསལ་ཡོད་པ་རེད།
ཕྱི་ལོ་༢༠༠༦ལོར་ནང་ཆོས་ལ་ནུས་ཤུགས་ཇི་ཙམ་ཡོད་པ་གསལ་སྟོན་ཐུབ་ཡོད།ལོ་དེར་ྋགོང་ས་ཏྭ་ལའི་བླ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་ཨམ་ར་ཝ་ཏིའི་ནང་ྋདཔལ་དུས་ཀྱི་འཁོར་ལོའི་དབང་སྩོལ་གནང་སྐབས།འཛམ་གླིང་ས་ཁུལ་གང་ས་ནས་དད་ལྡན་པ་ཆེས་མང་པོ་འདུ་འཛོམས་དང༌།ལྷག་པར་དུ་བོད་ནས་བོད་མི་༨༠༠༠ལྷག་ཙམ་དང༌།རྒྱ་ནག་སྐམ་ས་ཆེན་པོ་ནས་ཀྱང་རྒྱ་རིགས་༢༥༠ཙམ་ཕེབས་ཡོད་པ་རེད།དེའི་སྐབས་༧གོང་ས་མཆོག་ནས་བོད་མི་ཚོར་སྟག་པགས་ཟིག་པགས་ཀྱིས་རྒྱན་པའི་རྒྱས་སྤྲོས་གྱོན་ཆས་མ་གྱོན་ཞེས་བཀའ་སློབ་སྩལ་གནང་ཞིང༌།བོད་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་ཡང་དེ་ལྟར་ལན་སྤྲོད་དགོས་ཞེས་བཀའ་ཕེབས་ཡོད།དེ་ནས་བདུན་གཅིག་ཙམ་གྱི་རྗེས་བོད་ནང་གི་ས་ཁུལ་གང་སར་བོད་མི་ཚོས་མ་བསྐུལ་དང་བླངས་ཐོག་པགས་རིགས་ཀྱིས་རྒྱན་པའི་གྱོན་ཆས་མེར་སྲེག་བཏང་བའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད།བྱ་སྤྱོད་དེ་དག་གོས་བོད་མིའི་སེམས་ནང་ྋགོང་ས་མཆོག་ལ་དད་གུས་ཇི་ཙམ་ཡོད་པ་གསལ་པོར་མངོན་ཐུབ་པ་རེད།འོན་ཀྱང་དེ་ལྟ་བུའི་དད་གུས་ཀྱིས་ྋགོང་ས་མཆོག་བོད་མིའི་དབུུ་ཁྲིད་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མི་འདུག་སྙམ་ན།རྒྱ་ནག་གི་དབང་འཛིན་པ་ཚོས་བོད་ནང་གི་བོད་རིགས་ཚོར་འོས་བསྡུ་བྱས་ནས་བོད་མིའི་དབུ་ཁྲིད་ཡང་དག་སུ་ཡིན་པ་ཐག་གཅོད་བྱེད་མི་དགོས་སམ།།།།

No comments:

Post a Comment

please write here .....