Thursday, July 16, 2009

མཚོ་པདྨར་བཞེངས་བསྐྲུན་ཞུ་བཞིནཔའི་གུ་རུ་རིན་པོ་ཆེའི་སྐུ་བརྙན།

༄༅། ཟླ་བ་སྔོན་མའི་ནང་ང་རང་དང་གྲོགས་པོ་ཁག་ཅིག་དགུང་སེང་དང་སྟབས་བསྟུན་གུ་རུའི་གནས་མཆོག་མཚོ་པདྨར་གནས་མཇལ་དུ་བསྐྱོད་པ་ཡིན། དུས་ཡུན་ཆུ་ཚོད་ ༤ ལྷག་བསྐྱོད་ཚར་ཙམ་དུ་ང་ཚོ་མཚོ་པདྨར་འབྱོར་ཐུབ་པ་བྱུང་། ཐོག་་མར་ང་ཚོས་མཚམས་པ་བ་བཞུགས་སའི་རི་ཁྲོད་དུ་གནས་མཇལ་དུ་བསྐྱོད་པ་ཡིན། ཐོག་མར་རི་ཁྲོད་དུ་འབྱོར་མཚམས་རླངས་འཁོར་ལས་བབས་ཏེ་རི་ཁྲོད་དུ་འཛེགས་མཚམས་ཀྱི་སྒོའི་འཁྲིས་སུ་ལོ་ན་རྒན་ཙམ་ཡིན་པའི་གྲྭ་གཟུགས་མཆོད་པའི་སྐུ་ཞབས་ཤིག་ནས་མཎ་ཌལ་ཞིག་་ཕུལ་དང་ཞེས་ཟེར། ངས་་དེ་ནི་ཁྱད་མཚར་ཞིག་མཐོང་བྱུང་། མཆོད་འབུལ་བྱ་སྐབས་དད་མོས་རང་དབང་གི་བྱ་དགོས་ཀྱང་ཁོང་ནས་དེ་ལྟའི་ཨུ་ཚུགས་ལྟ་བུ་བྱེད་པ་འདི་ང་རང་ལ་ཚོར་སྣང་ཡ་མཚན་པ་ཞིག་བྱིན་བྱུང། དེ་རྗེས་ང་ཚོ་བྲག་་ཕུག་མཇལ་ཡུལ་དུ་འབྱོར། དེ་གར་ལོ་ན་རྒན་ཙམ་ཡིན་པའི་བཙུན་མ་དེ་འདྲས་ང་ཚོར་ལམ་སེང་ཇ་དང་ཆབ་འཁོལ་གང་དགོས་གནང་བ་མ་ཟད། རྣམ་འགྱུར་ཧ་ཅང་ལེགས་པའི་ཐོག་ནས་སྣེ་ལེན་ཞུས་པ་དང་། ང་ཚོས་ཀྱང་ཇ་དང་ཆབ་འཁོལ་སོགས་ཞུས་རྗེས་བྲག་་ཕུག་མཇལ་ཏེ་མཆོད་མེ་ཞལ་ཕྱེ་དང་གུ་རུའི་སྐུ་བཞེངས་ཀྱི་ཞལ་འདེབས་ཕུལ་རྗེས་མུ་མཐུད་མཇལ་སྐོར་དུ་བསྐྱོད། ཞབས་རྗེས་མཇལ་ཡུལ་དུ་དེ་སྔ་འགྲོ་ལམ་དེ་ཙམ་བདེ་པོ་མེད་ཀྱང་། དེང་སྐབས་རྡོ་སྐས་ཧ་ཅང་་ལེགས་པོ་བསྐྲུན་འདུག་པས་འགྲོ་བདེ་ཙམ་བྱུང་ཡང་། སེམས་ཀྱི་འཆར་སྣང་ལ་བྱིན་རླབས་ཏོག་ཙམ་ཡལ་ཟིན་པའི་ཚོར་སྣང་བྱུང། དེ་ནི་ང་རང་མི་ཆུང་གིས་དྲན་ཚོད་ཞིག་ཡིན་སྲིད། དེ་མཇུག་ང་ཚོ་རི་ཁྲོད་ལས་བབས་ཏེ་གུ་རུའི་སྐུ་བཞེངས་་བསྐྲུན་ཞུ་ཡུལ་དུ་མཇལ་བསྐོར་དུ་བཅར། དེ་གར་འབྱོར་རྗེས་གུ་རུའི་སྐུ་བརྙན་མཇལ་བ་ཙམ་གྱིས་སྤྲོ་སྣང་བྱིན་ཐུབ་པའི་སྐུ་ཚད་སོགས་གང་ཐད་ནས་འདི་ལྟ་བུའི་བཞེངས་རྒྱུའི་དགོངས་པ་བཞེངས་ཐུབ་མཁན་དེ་དག་ལའང་ཡིད་སྨོན་སྐྱེས། སྐུ་ཚད་ཐོག་རྩེགས་གསུམ་ལྷག་ཡོད་པའི་ཤོད་དུ་ད་དུང་བཞེངས་བསྐྲུུན་གྱི་ལས་གྲྭ་འགྲོ་བཞིན་འདུག །

1 comment:

  1. དེ་སྔོན་མཚོ་པདྨར་འགྲོ་མྱོང་ཡང་དེ་དུས་སྐུ་འདྲ་ཞིག་བཞེངས་ཚར་མི་འདུག ད་ལྟ་འདི་ནས་མཇལ་བས་དགའ།

    ReplyDelete

please write here .....