༄༅།  ཀྲུང་དབྱང་གིས་ཏཱ་ལའི་བླ་མར་སྡང་པོ་བྱེད་པའི་
སྲིད་བྱུས་འགྱུར་བ་གཏོང་དགོས།
ཀའོ་ཧོང་མིང་Gao Hong Mingགིས།
སྒྱུར་མཁན་གྱི་མཆནཿ  ཀའོ་ཧོང་མིང་གིས་བྲིས་པའི་གནས་ཚུལ་དེ་ནི་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༧ ཉིན་སྦོ་ཤུན་Boxunརྒྱ་ཡིག་དྲྭ་རྒྱའི་ནང་བཀོད་ཐོན་བྱུང་ཡོད་།     
སྔ་དྲོ་པེ་ཅིང་ཞོགས་ཚགས་ཀློག་སྐབས་འདི་ཚེས་ ༦ ཉིན་ཏུ་ཆིང་ལིན་གྱིས་ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་མི་སྣ་ཐུག་པ་
དང༌།  ཀྲུང་དབྱང་གི་ཚབ་བྱས་ནས་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འདོད་ཚུལ་ཡོང་བསྲང་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་ཤེས་རྟོགས་བྱུང༌།  ངས་ཀྲུང་དབྱང་གིས་ཏཱ་ལའི་བླ་མར་སྡང་པོ་བྱེད་པའི་སྲིད་བྱུས་འདིར་འགྱུར་བ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།  རྒྱུ་མཚན་གཤམ་དུ་བཀོད་ཡོད།
      ༡༽      ཏཱ་ལའི་བླ་མས་ཉུང་མཐར་ཡང་མི་ལོ་ཉི་ཤུར་ཉེ་བའི་རིང་ཀྲུང་དབྱང་གིས་བོད་རང་སྐྱོང་བྱེད་ཆོག་པའི་རེ་འདུན་ཞུས་ཡོད་པ་ལས།  “བོད་རང་བཙན་དང༌།  ཕྱེད་རང་བཙན་ནམ་ཡང་ན་རྣམ་པ་འགྱུར་བའི་རང་བཙན་”བྱེད་རྒྱུའི་ཆབ་སྲིད་ཀྱི་འདོད་ཚུལ་བཏོན་མེད། 
      ༢༽      ཏཱ་ལའི་བླ་མས་བོད་རང་སྐྱོང་བྱེད་རྒྱུའི་རེ་འདུན་བྱེད་པ་ལས་རྒྱལ་ཁབ་ཁ་བྲལ་བཏང་མེད་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་དེ་བས་གཏོར་བཤིག་བཏང་མེད།  གང་ཡིན་ཟེར་ན།  རང་སྐྱོང་དང་རང་བཙན་ནི་ཆབ་སྲིད་ཀྱི་ཐ་སྙད་དང༌།  ཁྱབ་ཚད་རྩ་བ་ནས་མི་འདྲ་བའི་གཉིས་ཡིན།
      ༣༽      ཀྲུང་གུང་ཀྲུང་དབྱང་གིས་ག་དུས་ཡིན་རུང་ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན་པའི་ལྟ་བ་ཞིག་བཟུང་གི་ཡོད།  དེར་བརྟེན་ག་དུས་ཡིན་རུང་མི་རིགས་རང་སྐྱོང་གི་རེ་བ་བྱེད་པའི་གཏམ་སྤྱོད་དང༌།  དེའི་ཚབ་མཚོན་མི་སྣ་རྣམས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དགྲར་འཛིན་སྟོབས་ཤུགས་དང༌།  རང་བཙན་རྩོད་མཁན་གྱི་སྐུ་ཚབ་ལ་ངོས་འཛིན་བྱེད་ཀྱི་ཡོད།  དེ་ནི་དུས་ལས་ཡོལ་ཟིན་པའི་གྲལ་རིམ་འཐབ་རྩོད་ཀྱི་བསམ་བློའི་རྒྱུན་མཐུད་པ་ཞིན་ཡིན་སྟབས་དེས་ཀྲུང་ཧྭ་མི་རིགས་དོན་དམ་གྱི་མཐུན་སྒྲིལ་དང༌།  གཅིག་གྱུར་ཡོང་རྒྱུར་ཕན་ཐོགས་མེད་པ་ཞིག་རེད། 
      ༤༽      བོད་རིགས་སྤུན་ཟླ་རྣམས་ཀྱི་ལངས་ཕྱོགས་དང༌།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལངས་ཕྱོགས་ཐོག་བསྡད་ནས་བསམ་བློ་ཞིག་ཐོངས་དང༌།  གུང་བྲན་རིང་ལུགས་ཀྱི་ལྟ་བ་ཞིག་དང༌།  གུང་བྲན་ཏང་གི་ཚོགས་པ་ཞིག་ནས་བོད་འཛིན་སྐྱོང་བྱེད་པ་འདིས་བོད་བརྒྱུད་ནང་བསྟན་གྱི་ཆོས་དད་རང་དབང་ཡོང་གི་རེད་དམ།  བོད་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐུབ་བམ།  མི་རིགས་རང་སྐྱོང་དོན་འཁྱོལ་ཐུབ་བམ།
      ༥༽      ཏང་གི་འགོ་ཁྲིད་དང༌།  སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་ཐབས་མེད་པའི་གནད་འགག་ཐུག་ས་ངོ་མ་དེ་ཡིན་པ་བརྗོད་མ་དགོས་པ་རེད།  སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཕྱིན་མི་རིགས་རང་སྐྱོང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ་མཁན་གཅིག་ཀྱང་མེད།  དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་བཅུ་གྲངས་ཁ་ཤས་ཐོར་ཞིགས་སུ་མ་འགྲོ་སྔོན་གྱི་ལོ་རྒྱུས་ཐོག་ནས་གསལ་བཤད་གསལ་པོ་བྱས་ཡོད།
      ༦༽      དེང་རབས་རྒྱལ་ཁབ་དང༌།  དེང་རབས་རྒྱལ་ཁབ་ཀྱི་གཞུང་འཛིན་ཚོགས་པ་གང་འདྲ་ཞིག་ཡིན་རུང་རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་ལ་རང་སྐྱོང་དབང་ཆ་འཐུས་ཚང་སྤྲད་ནས་རང་ཉིད་རྒྱལ་ཁབ་ཀྱི་བརྟན་ལྷིང་དང༌།  གོང་འཕེལ་སྲུང་འཛིན་མི་བྱེད་མཁན་གཅིག་ཀྱང་མེད།  ཀྲུང་གུང་ཀྲུང་དབྱང་དང༌།  ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་གཞན་ལ་སློབ་སྦྱོང་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།
      ༧༽      ཀྲུང་དབྱང་གིས།  ཏཱ་ལའི་བླ་མས་བཏོན་པའི་ཆབ་སྲིད་ཀྱི་རེ་འདུན་ནི་བོད་རིགས་མི་དམངས་རྣམས་ཀྱི་འཕྲལ་ཕུགས་ཁེ་ཕན་གྱི་ཚབ་ངོ་མ་དེ་ཡིན་པ་དངོས་སུ་མཐོང་བ་བྱེད་དགོས།  ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་རེ་འདུན་ཁས་ལེན་མ་བྱས་པར་རྩིས་མེད་གཏོང་རྐྱང་བྱས་པ་ཡིན་ན།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ངོ་མ་ཆགས་ཀྱི་མེད་པ་དང༌།  བོད་རིགས་ནི་བོད་རིགས་ངོ་མ་ཆགས་ཀྱི་མེད་ཅིང༌།  བོད་ནི་བོད་ངོ་མ་ཆགས་ཀྱི་མེད། 
      ༨༽      ཀྲུང་དབྱང་གིས་ཏཱ་ལའི་བླ་མར་སྡང་པོ་བྱེད་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས།  ཀྲུང་དབྱང་གི་འདོད་ཚུལ་གྱིས་ཏཱ་ལའི་བླ་མའི་འདོད་ཚུལ་རྦད་དེ་རྡོག་རོལ་གཏོང་གི་ཡོད་པ་དེ་ནི་ཏཱ་ལའི་བླ་མར་སྡང་སེམས་འཛིན་པའི་སྲིད་བྱུས་ཡིན་པ་དང༌།  དེས་ཀྲུང་དབྱང་གིས་ཏཱ་ལའི་བླ་མར་ལྷག་བསམ་རྣམ་དག་བྱེད་རྒྱུ་འདང་གི་མེད་པ་ཏག་ཏག་གསལ་བཤད་བྱས་ཡོད།
      ༩༽      ཀྲུང་དབྱང་གིས་ཏཱ་ལའི་བླ་མར་བཟང་པོའི་བརྡ་ལན་བྱེད་དགོས་པ་དང༌།  ཁོང་ལ་ཡག་པོ་བྱས་ནས་ཁོང་ནི་བོད་ཀྱི་རང་སྐྱོང་གནད་དོན་ཐག་གཅོད་བྱེད་པའི་གསེར་གྱི་ལྡེ་མིག་གཅིག་རང་དེ་ཡིན་པར་ངོས་འཛིན་བྱེད་བྱེད་དགོས།  ཁ་ནས་ཀྲུང་དབྱང་དང་ཏཱ་ལའི་བླ་མའི་དབར་འབྲེལ་མོལ་གྱི་སྒོ་ཆེན་ག་དུས་ཡིན་རུང་ཕྱེ་ཡོད་ཅེས་བཤད་པ་དང༌།  དོན་དངོས་ཐོག་འབྲེལ་མོལ་གྱི་ཁང་པའི་སྒོ་ནི་ནམ་ཡང་བརྒྱབ་ཡོད་པ་རེད།  དེ་འདྲ་གཏན་ནས་བྱེད་རྒྱུ་མེད།  དེ་འདྲ་བྱས་པ་ཡིན་ན།  བོད་ཀྱི་གནད་དོན་ནམ་ཡང་ཐག་གཅོད་མི་ཐུབ་ཅིང༌།  དེ་འདྲ་བྱས་ན་བོད་ཀྱི་གནད་དོན་ག་དུས་ཡིན་རུང་ཀྲུང་གོའི་རྨ་ཁ་ཞིག་ཆགས་རྒྱུ་ཡིན།  པེ་ཅིང་གི་གྲོང་མི་ཀའོ་ཧོང་མིང་གིས་བྲིས།། 
 
 
 
No comments:
Post a Comment
please write here .....