Friday, September 6, 2013

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྒོམ་གྱི་བློ་སྦྱོང་ཚུལ་སྐོར་བསྩལ་བའི་བཀའ་སློབ།

http://www.gyalwarinpoche.com/node/30

སྒོམ་གྱི་ཐོག་ནས་བློ་སྦྱོང་ཚུལ།

http://www.gyalwarinpoche.com/node/30

བྷོལ་ཌར་ནང་དུ་ཡོད་པའི་ན་རོ་པ་སློབ་གཉེར་ཁང་དང༌། ཌེན་ཝར་ནང་དུ་ཡོད་པའི་ཁོ་ལོ་ར་ཌོའི་ཆེས་མཐོའི་སློབ་གཉེར་ཁང་ལ་སྩལ་བའི་བཀའ་ སློབ།

༄༅། །སྒོམ་ནི་བསྒོམ་བྱའི་ཡུལ་ལ་བློ་གོམས་འདྲིས་བྱེད་པ་ལ་ཟེར། བློ་དེ་ཡུལ་ལ་ཇི་ལྟར་གོམས་འདྲིས་བྱེད་ཚུལ་ལ་སྒོམ་གྱི་རིགས་དུ་མ་ཞིག་ཡོད། རིགས་གཅིག་ལ་སྙིང་རྗེ་སྒོམ་པའམ། ཡང་ན་ཤེས་རབ་སྒོམ་པ་ལྟ་བུ་བློ་དེ་ཉིད་ཤེས་པ་བྱེ་བྲག་པ་ཞིག་གི་ངོ་བོར་ བསྐྱེད་ཀྱི་ཡོད། འདི་ལྟ་བུའི་སྒོམ་ནང་སོ་སོའི་བློ་དེ་སྙིང་རྗེའམ། ཡང་ན་ཤེས་རབ་ཀྱི་ངོ་བོར་བསྐྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ལ། སྙིང་རྗེ་དང་ཤེས་རབ་ནི་ཡུལ་གང་གི་སྟེང་དུ་སྒོམ་རྒྱག་ས་དེ་མིན་པར། རིམ་པས་གོམས་འདྲིས་བྱས་པ་ལ་བརྟེན་ནས་ཡུལ་གང་གི་ངོ་བོར་རང་གི་སེམས་བསྒྱུར་ རྒྱུ་དེ་ཡིན།

འོན་ཀྱང་མི་རྟག་པའམ། ཡང་ན་བདག་མེད་པ་སྒོམ་དུས་དེ་གཉིས་བློ་དེས་འཛིན་སྟངས་ཀྱི་ཡུལ་གྱི་ཚོད་དུ་ བླངས་པའི་སྒོ་ནས་སྒོམ་གྱི་ཡོད། སྒོམ་གྱི་རིགས་གཞན་ཞིག་ལ། སངས་རྒྱས་ཀྱི་ཡོན་ཏན་བཟང་པོ་རྣམས་ཐོབ་པར་འདོད་ནས་སྒོམ་ན། ཡོན་ཏན་འདི་དག་མོས་པའི་ཡུལ་ཡིན་པས་འདི་ལ་མོས་སྒོམ་ཞེས་བརྗོད་ཀྱི་ཡོད། དེ་ནས་སྒོམ་གཞན་ཞིག་ནི། ལམ་གྱི་རིམ་པ་རྣམས་བློ་ལ་ཤར་བ་བྱས་ནས་མངོན་རྟོགས་འདི་དང་འདི་འདྲ་བ་ཡོད་སྙམ་ པ་ཡིད་ལ་བྱེད་པ་འདི་ཡིན་ཅིང༌། དེ་ལ་ཤར་སྒོམ་ཞེས་བརྗོད་ཀྱི་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན། སྒོམ་ལ་དཔྱད་སྒོམ་དང༌། འཇོག་སྒོམ་བཅས་གཉིས་སུ་ཕྱེ་ཡོད། སྤྱིར་བཏང་བྱས་ན་ཞི་གནས་ནི་འཇོག་སྒོམ་ཡིན་ཞིང༌། ལྷག་མཐོང་ནི་དཔྱད་སྒོམ་ཡིན།

བསྒོམ་བྱའི་ཡུལ་ལ་ཆ་བཞག་ན། དཔྱད་འཇོག་གི་སྒོམ་གཉིས་ཀའི་ཡུལ་ལ་ཇི་ལྟ་བའི་ཆོས་སམ། ཡང་ན་ཇི་སྙེད་པའི་ཆོས་ཀྱི་ནང་ཚན་ནས་གང་ཡང་རུང་བ་ཡོང་གི་ཡོད། སྤྱིར་བཏང་སྟོང་པ་ཉིད་ནི་ཡུལ་གྱི་གནས་ལུགས་མཐར་ཐུག་ལ་རིགས་པས་དཔྱད་པ་བྱེད་ པ་ལ་བརྟེན་ནས་དཔྱད་མཐར་རྙེད་རྒྱུ་ཡོད་པ་ཞིག་ཡིན་ཞིང༌། དེ་ལྟ་ནའང་སྟོང་པ་ཉིད་ལ་དམིགས་པའི་འཇོག་སྒོམ་གྱི་སྐབས་སུ་སྒོམ་པ་པོས་ངེས་ ཟིན་པའི་སྟོང་ཉིད་ཀྱི་དོན་ལ་མི་དཔྱོད་པའི་སྒོ་ནས་རྩེ་གཅིག་ཏུ་བཞག་གི་ཡོད། དེར་བརྟེན་སྟོང་པ་ཉིད་ལ་དམིགས་པའི་དཔྱད་འཇོག་གི་སྒོམ་གཉིས་ཀ་ཡོད། དེ་བཞིན་དུ་ཇི་སྙེད་པའི་ཆོས་གང་ཡང་རུང་བ་ལ་དམིགས་པའི་བློས་ཡུལ་གྱི་སྟེང་དུ་ བྱ་བ་བྱེད་ཚུལ་ལ་ལྟོས་ནས་དཔྱད་འཇོག་གི་སྒོམ་གཉིས་ཀ་ཡོང་ཆོག

འཇོག་སྒོམ་གྱི་གཙོ་བོ་ཞི་གནས་ནི་ཕྱི་རོལ་པ་དང་ནང་པ་གཉིས་ཀར་ཐུན་མོང་བ་ ཡིན། ནང་པའི་ནང་ནས་ཐེག་པ་གོང་འོག་གཉིས་ལ་ཐུན་མོང་བ་ཡིན་པ་དང༌། ཐེག་ཆེན་པའི་ནང་ནས་མདོ་སྔགས་གཉིས་ཀར་ཐུན་མོང་བ་ཡིན། ངས་ཞི་གནས་སྒྲུབ་ཚུལ་མདོར་བསྡུས་ཤིག་བཤད་ཀྱི་ཡིན།

ང་ཚོའི་སེམས་ནི་ད་ལྟ་ཇི་ལྟར་ཡོད་པ་བཞིན་ཕྱི་རོལ་གྱི་ཡུལ་ལ་མཐའ་གཅིག་ཏུ་ ཕྱོགས་ཐམས་ཅད་ལ་རྒྱུགས་པའི་ཆུ་བོ་ལྟར་འཕྲོ་ནས་ཡོད་སྟབས་དེ་ཉིད་ལ་ནུས་སྟོབས་ མེད། འོན་ཀྱང་ཆུ་དེ་ཉིད་ཕྱོགས་གཅིག་ལ་བསྡུས་ན་ཤུགས་ཆེན་པོར་རྒྱུ་བ་བཞིན་ང་ཚོའི་ སེམས་ཀྱང་དེ་བཞིན་དུ་གནས་ཡོད།

སེམས་ཇི་ལྟར་བསྡུ་དགོས་ཤེ་ན། སྤྱིར་སྔགས་ཀྱི་ཐེག་པ་དང༌། བྱེ་བྲག་ཏུ་སྔགས་བླ་མེད་ཀྱི་རྣལ་འབྱོར་ནང་ལ་ཐབས་དུ་མ་འགྲེལ་བཤད་གནང་ཡོད། དེ་ལྟ་ནའང་ངས་ཐོག་མར་ཐེག་པ་ཐུན་མོང་བར་གྲགས་པའི་ཐབས་དེ་འགྲེལ་བཤད་བྱེད་ཀྱི་ ཡིན། སེམས་དེ་དམིགས་པའི་ཡུལ་ལ་བརྟན་པོ་བྱས་ནས་འཇོག་པ་ལ། ཐོག་མར་དམིགས་པའི་ཡུལ་དེ་ངོས་བཟུང་དགོས་པས་དེ་ལ་སངས་རྒྱས་ཀྱིས་སྤྱོད་པ་རྣམ་ སྦྱོང་གི་དམིགས་པ་དང༌། མཁས་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ། ཁྱབ་པའི་དམིགས་པ་བཅས་རིགས་བཞི་གསུངས་ཡོད། སྤྱོད་པ་རྣམ་སྦྱོང་གི་དམིགས་པ་ལ་མཚོན་ན། དཔེར་ན། ང་ཚོ་སྔོན་ཉོན་མོངས་པའི་སེམས་གང་ལ་ལྷག་པར་སྤྱད་ཡོད་ནའང༌། དེའི་ནུས་པ་དེ་ད་ལྟ་ང་ཚོའི་སེམས་དང་ལྷན་ཅིག་ཏུ་གནས་ཡོད་ཅིང༌། དེར་བརྟེན་ཉོན་མོངས་པའི་སེམས་བྱེ་བྲག་པ་དེ་བཟློག་པ་ལ་བསྒོམ་བྱའི་ཡུལ་ཞིག་ ངེས་པར་དུ་བཟུང་དགོས། དེ་ཡང་འདོད་ཆགས་ལ་ཤས་ཆེར་སྤྱོད་པ་ཞིག་ཡིན་ན་བསྒོམ་བྱའི་ཡུལ་མི་སྡུག་པ་ཡིན་ ཞིང༌། འདི་ནི་དྲན་པ་ཉེར་བཞག་བཞིའི་ནང་ནས་ལུས་དྲན་པ་ཉེར་བཞག་དང་འབྲེལ་ནས་གསུངས་ ཡོད། སྐབས་འདིར་མི་སྡུག་པ་ཞེས་པ་དེ་གཟུགས་ངན་པ་ཞིག་ལ་ངེས་པར་དུ་གོ་མི་དགོས་ཤིང༌། རྒྱུ་ཁྲག་དང༌། ཤ། རུས་པ་ལ་སོགས་པ་ལས་གྲུབ་པའི་ང་ཚོའི་ཕུང་པོའི་རང་བཞིན་ངོ་མ་དེ་ཕྱིའི་རྣམ་པར་ མདོག་མཛེས་པ་དང༌། ལག་པ་འཆང་དུས་འཇམ་རེག་དང་བཅས་པས་ལྷག་པར་དུ་མཛེས་པོ་སྣང་ལ། འོན་ཀྱང་དེ་ལ་བརྟག་པ་བྱས་ན། དེའི་སྙིང་པོ་རུས་པ་ལྟ་བུའི་དངོས་པོ་ཡིན་པ་ཤེས་ཀྱི་རེད། གལ་ཏེ་ངས་གློག་པར་གྱི་མིག་ཤེལ་ཞིག་གྱོན་ཡོད་ན་ངས་ཁང་པ་ཀེང་རུས་ཀྱིས་གང་བ་ དང༌། དེ་བཞིན་ཀེང་རུས་ཤིག་གིས་སྡིངས་ཆ་དེའི་སྟེང་ནས་སྐད་ཆ་བཤད་ཀྱི་ཡོད་པ་མཐོང་ གི་རེད། དེ་འདྲ་ཡིན་ཙང་མི་སྡུག་པ་སྒོམ་ཞེས་པ་འདི་ང་རང་ཚོའི་གཟུགས་ཕུང་གི་རང་བཞིན་ གྱི་བརྟག་པ་བྱེད་པའི་དོན་ཡིན།

ཞེ་སྡང་ལ་ཤས་ཆེར་སྤྱོད་པའི་གང་ཟག་གི་བསྒོམ་བྱའི་ཡུལ་ནི་བྱམས་པ་ཡིན། སྒྲིབ་པས་ཤས་ཆེར་ཐིབས་པའི་གང་ཟག་རྣམས་ཀྱིས་སྒོམ་རྒྱུ་ནི་འཁོར་བའི་རྟེན་ འབྲེལ་ཡན་ལག་བཅུ་གཉིས་ཡིན། ང་རྒྱལ་ཤས་ཆེ་བ་ཡོད་ན་ཁམས་ཀྱི་རབ་དབྱེ་བསྒོམ་དགོས། གང་ཡིན་ཞེ་ན་རབ་དབྱེ་དུ་མ་སྒོམ་དུས་སྐབས་ཤིག་སོ་སོས་མ་ཤེས་པའི་དངོས་པོ་དུ་ མ་ཡོད་པ་ཤེས་ཤིང༌། དེའི་སྒོ་ནས་ང་རྒྱལ་ཆུང་དུ་གཏོང་ཐུབ། རྣམ་རྟོག་གིས་ནོན་པ་རྣམས་ལ་བསྔགས་པའི་སྒོམ་ནི་དབུགས་འབྱུང་རྔུབ་ལ་དམིགས་པ་ གཏོད་རྒྱུ་འདི་ཡིན། འདི་དག་ནི་སྤྱོད་པ་རྣམ་སྦྱོང་གི་དམིགས་པ་ཡིན།

སྟོང་ཉིད་ཀྱང་དམིགས་པའི་ཡུལ་དུ་བྱས་ཆོག་པ་ནི་སྔོན་བཤད་པ་བཞིན་ཡིན། དེར་མ་ཟད་ཐ་ན་མེ་ཏོག་ལ་སོགས་པ་དམིགས་པའི་ཡུལ་དུ་བཟུང་ཆོག །ད་དུང་ཡང་གཞན་ནི་རང་གི་དམིགས་པའི་ཡུལ་དུ་བཟུང་རྒྱུ་འདི་ཡིན། དེར་མ་ཟད་ནང་པ་ཞིག་གིས་སངས་རྒྱས་ཀྱི་སྐུ་གཟུགས་སྒོམ་ཆོག་ཅིང༌། ཡེ་ཤུས་ཡེ་ཤུའི་སྟོན་པའམ། ཡང་ན་རྒྱ་གྲམ་སྒོམ་ཆོག་པ་ཡིན།

ཡུལ་གང་ཡིན་རུང༌། མིག་གིས་ཕྱི་རོལ་གྱི་ཡུལ་ཞིག་ལ་ལྟ་བཞིན་པའི་ངང་ནས་སྒོམ་བརྒྱབ་པ་དེ་འདྲ་མིན་ པར་དེའི་གཟུགས་བརྙན་ཞིག་ཡིད་ཤེས་ལ་འཆར་འཇུག་རྒྱུ་འདི་ཡིན། དེ་ལ་རྣམ་པ་བརྗོད་ཅིང༌། དེ་དམིགས་ཡུལ་ཡིན།

ཡུལ་ངོས་བཟུང་ཟིན་ནས་དེར་སོ་སོའི་སེམས་ཇི་ལྟར་འཇོག་དགོས་སམ་ཞེ་ན། ཐོག་མར་དགེ་བའི་བཤེས་གཉེན་ཞིག་ནས་བསྒོམ་བྱའི་ཡུལ་གྱི་སྐོར་ཐོས་དགོས་ཤིང༌། དེ་ནས་དེར་བསམ་བློ་ཡང་ཡང་བཏང་བ་ལས་ངེས་པ་རྙེད་ཐུབ། དཔེར་ན། སངས་རྒྱས་ཀྱི་སྐུ་གཟུགས་སྒོམ་རྒྱུ་ཡིན་ན། དང་པོར་དེ་འགྲེལ་བཤད་བྱས་པ་གོ་བའམ། ཡང་ན་སྐུ་པར་རམ། སྐུ་འདྲ་ལ་བལྟས་པའི་སྒོ་ནས་དེ་ཉིད་ཤེས་དགོས་པ་དང༌། དེ་ནས་དེ་བློར་གསལ་པོར་འཆར་བའི་ཆེད་དུ་དེ་ལ་གོམས་འདྲིས་བསྟེན་དགོས།

དེའི་མཚམས་སུ་དེ་ཉིད་སོ་སོའི་སྨིན་མཚམས་དང་མཉམ་པའི་རང་གི་མདུན་དུ་མཐོ་ ཚད་ཕི་ཊི་བཞི་སྐོར་ཡོད་པར་མོས་དགོས། དེ་གསལ་ཞིང་འོད་ཀྱི་རང་བཞིན་ཅན་དུ་སྒོམ་དགོས། འདིས་བྱིང་བས་ཐིབས་ནས་ཡོད་པ་དེ་འགོག་པ་ལ་ཕན་ཐོགས་ཀྱི་ཡོད།

དེར་མ་ཟད་དམིགས་རྟེན་སངས་རྒྱས་ཀྱི་སྐུ་གཟུགས་དེ་ལྗིད་ཆེན་པོ་ཡོད་པར་བསམ། འདིས་རྒོད་པ་འགོག་པ་ལ་ཕན་ཐོགས། དམིགས་རྟེན་གྱི་ཚད་ཇི་ཙམ་དུ་ཆུང་དུ་བཏང་ཐུབ་པ་དེའི་ཚོད་ཀྱིས་སེམས་ཀྱི་འཕང་ དམའ་རུ་གཏོང་བ་དང་བསྡུ་བ་ལ་ཕན་ཐོགས་ཡོད། དེ་མཚུངས་གཟུགས་པོ་འཇོག་སྟངས་ཀྱང་གལ་ཆེན་པོ་ཡིན།

དམིགས་པའི་ཡུལ་ལ་ལུས་ཀྱི་ལྟེ་གནས་ཁག་ཏུ་ཡི་གེའམ། འོད་ཀྱི་ཐིག་ལེ་བེད་སྤྱོད་བྱས་ནའང་འགྲིགས་ཀྱི་ཡོད། འདི་ལྟར་སྒོམ་པ་ན་ཡུལ་དེ་ངེས་པར་དུ་ཆུང་ཆུང་ཞིག་དགོས་ཤིང༌། ཡུལ་ཇི་ཙམ་ཆུང་བ་དེའི་ཚོད་ཀྱིས་བཟང་བ་ཡོང་གི་ཡོད། ཡུལ་དེ་སྔོན་ནས་གཏན་འབེབས་བྱས་ཚར་ན། དེའི་ཆེ་ཆུང་གི་ཚད་བརྗེ་མི་དགོས་ཤིང༌། དེ་ཉིད་ཞི་གནས་སྒྲུབ་པའི་ཐུན་དེའི་རིང་དམིགས་རྟེན་དེ་རང་དུ་གཏན་འཁེལ་བ་ལྟ་ བུ་བསམ་དགོས།

དང་པོ་ཡུལ་དེ་བློ་ལ་ཤར་དུ་བཅུག །དེ་ནས་དེ་ཉིད་མི་ཤོར་བའི་ཆེད་དུ་དྲན་པའི་འཛིན་དགོས། དྲན་པས་ཡུལ་མི་ཤོར་བ་བྱེད་པ་དེས་ཤེས་བཞིན་སྐྱེད་པའི་རྒྱུ་བྱེད་ཀྱི་ཡོད།

རང་ཉིད་ཀྱི་བློ་ཡུལ་གྱི་སྟེང་དུ་བཞག་པའི་སྐབས་སུ་ཁྱད་ཆོས་གཉིས་ངེས་པར་ དུ་ཚང་དགོས་ཤིང༌། དེ་ནི་ཡུལ་ཙམ་གྱི་མ་ཟད་རྣམ་ཤེས་ཀྱི་གསལ་ཆའང་ཆེན་པོ་དགོས་པ་དང༌། དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་ཐུབ་པ་བཅས་གཉིས་ཡིན། འགལ་རྐྱེན་བྱིང་བ་དང་རྒོད་པ་གཉིས་ཀྱིས་འདི་དག་སྐྱེད་པར་བར་ཆད་བྱེད་དེ། བྱིང་བས་གསལ་ཆའི་འཕེལ་རྒྱས་འགོག་པ་དང༌། རྒོད་པས་ཡུལ་ལ་གནས་པའི་བརྟན་ཆ་འགོག་གི་ཡོད།

བྱིང་བ་ནི་སེམས་ཤིན་ཏུ་ནས་ལྷོད་ཅིང༌། ཤིན་ཏུ་ནས་ལྷུག་པ་དང༌། ངར་ཤུགས་མེད་པ། སེམས་ཀྱི་གྲིམ་ཆ་ཞན་པོར་གྱུར་པ་ཞིག་ཡིན། བྱིང་བའི་རྒྱུ་ནི་ལེ་ལོ་ཡིན་ཞིང༌། དེ་ནི་མགོ་ལ་ཞྭ་མོ་བཀབ་པ་དང་མཚུངས་པའི་ལྗིད་ཐིང་ངེ་ཡོད་པ་ལྟ་བུ་ཞིག་ཡིན། དེའི་གཉེན་པོར་སེམས་གྲིམ་དུ་གཏོང་དགོས།

བློའི་འཛིན་སྟངས་དེ་དམ་དུ་གཏོང་དུས་བྱིང་བའི་ཉེན་ཁ་ཆུང་ནའང༌། རྒོད་པ་སྐྱེ་རྒྱུའི་ཉེན་ཁ་ཆེ་བ་ཡོད། རྒོད་པ་ནི་འདོད་ཆགས་ལ་ཕྱོགས་པའི་སེམས་འཕྲོ་བ་དེ་ལ་ཟེར་ཞིང༌། འཕྲོ་བ་ནི་ཡུལ་གྱི་རིགས་གང་ལ་ཡང་འཇུག་ཆོག་རུང༌། རྒོད་པ་ནི་ཡུལ་འདོད་ཆགས་ཀྱི་ཡུལ་ལ་འཕྲོ་བ་ཁོ་ན་ཡིན། རྒོད་པ་དང་འཕྲོ་བའི་རིགས་གཞན་གང་གི་ཡང་གཉེན་པོར་བློའི་འཛིན་སྟངས་ཀྱི་འཕང་ དམའ་རུ་གཏོང་དགོས་ཤིང༌། གྲིམ་ཆ་ལྷོད་དུ་གཏོང་དགོས།

དམིགས་པའི་ཡུལ་ཅན་དེ་དྲན་པས་འཛིན་བཞིན་པའི་སྐབས་སུ་ཤེས་བཞིན་གྱིས་ཡང་ནས་ ཡང་དུ་བློ་དེ་བྱིང་རྒོད་གང་རུང་གི་དབང་དུ་སོང་ཡོད་མེད་བརྟག་པ་བྱེད་དགོས། གལ་ཏེ་ཤེས་བཞིན་གྱི་སྒོ་ནས་བྱིང་བའི་ཉེན་ཁ་ཡོད་པ་མཐོང་ན་འཛིན་སྟངས་དེ་མཐོ་ རུ་གཏོང་དགོས་ཤིང༌། རྒོད་པའི་ཉེན་ཁ་ཡོད་ན་འཛིན་སྟངས་དེ་ཅུང་ཟད་དམའ་རུ་གཏོང་དགོས། ཉམས་མྱོང་གི་ཐོག་ནས་སེམས་ཀྱི་གྲིམ་ལྷོད་རན་པ་ཞིག་སྐྱེ་གི་རེད།

བློའི་འཛིན་སྟངས་ཀྱི་འཕང་མཐོ་རུ་གཏོང་བ་ལ། སོ་སོ་སྣང་བ་སྐྱིད་པོ་བཟོ་མཁན་དེ་འདྲ་དྲན་དགོས་ཤིང༌། དེ་ཉིད་དམའ་རུ་གཏོང་བ་ལ་སེམས་ཞུམ་པར་བྱེད་མཁན་སྡུག་བསྔལ་ལྟ་བུར་དམིགས་དགོས། འདི་འདྲ་བྱས་ཏེ་ཐོག་མར་སྦྱོང་དུས་སྒོམ་གྱི་ཐུན་ཐུང་ལ། གྲངས་མང་ཙམ་བྱས་ན་ལེགས། ཐོག་མའི་ཆར་ཟང་ཟིང་ཆེ་ཞིང༌། སྐད་ཅོར་ཆེ་བའི་རྒྱལ་སའི་ནང་ལ་སྒོམ་གཏིང་ཟབ་པོ་སྐྱེ་རྒྱུ་ཁག་པོ་ཡིན་པས་མཐའ་ གཅིག་ཏུ་གནས་དབེན་པ་དང་ཞི་བ་ཞིག་བསྟེན་དགོས། ཁ་ཁུ་སིམ་པོ་མེད་པར་ཞི་གནས་མཚན་ཉིད་ཚང་བ་ཞིག་ཐོབ་རྒྱུ་ཕལ་ཆེར་མི་སྲིད་པ་ལྟ་ བུ་ཡིན།

སོ་སོས་འདི་བཞིན་ཉམས་སུ་བླངས་ན། སེམས་དེ་རིམ་བཞིན་ཇེ་བརྟན་དུ་ཕྱིན་ཏེ་མཐར་ཞི་གནས་ཐོབ་ཀྱི་ཡོད། སེམས་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་བཞག་པའི་འཇོག་སྒོམ་གྱི་སྟོབས་ལས་སེམས་ ཤིན་སྦྱངས་སྐྱེ་གི་ཡོད། དེ་ལ་བརྟེན་ནས་ལུས་ཤིན་སྦྱངས་སྐྱེ་ཞིང༌། དེས་ལུས་ཤིན་སྦྱངས་ཀྱི་བདེ་བ་འདྲེན་པར་བྱེད། དེ་ལས་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེ་གི་ཡོད། སེམས་ཤིན་སྦྱངས་ཀྱི་བདེ་བ་བརྟན་པོར་གྱུར་པའི་སྐབས་དེར་ཞི་གནས་ཐོབ་པ་ཡིན། ལུས་སེམས་ཀྱི་བདེ་བས་ཟིན་པའི་གནས་སྐབས་འདི་ནི་བསམ་གཏན་བཞི་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བཞིའི་ནང་ནས་བསམ་གཏན་དང་པོའི་ཉེར་བསྡོགས་ལས་དང་ པོ་བ་ཡིན།

དེ་དང་མཚུངས་པར་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེས་པ་ན་ལྷག་མཐོང་ཐོབ་པ་ཡིན་ ནའང༌། བདེ་བ་དེ་ནི་ཤེས་རབ་ཀྱིས་དཔྱད་པའི་སྟོབས་ལས་སྐྱེས་པ་ཡིན་གྱི། འཇོག་སྒོམ་གྱི་སྟོབས་ལས་སྐྱེས་པ་མིན། ལྷག་མཐོང་ལ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ལྷག་མཐོང་གཉིས་ཡོད། འཇིག་རྟེན་པའི་ལྷག་མཐོང་ནི་འོག་མ་ལ་རགས་པ་དང༌། གོང་མ་ལ་ཞི་བར་ལྟ་བའི་གནས་སྐབས་ཤིག་ཡིན་ཞིང༌། འཇིག་རྟེན་ལས་འདས་པའི་ལྷག་མཐོང་ནི་སྤྱིར་བཏང་བྱས་ན་འཕགས་པའི་བདེན་པ་བཞིའི་ རྣམ་ཅན་ཡིན། ཐེག་ཆེན་པའི་གྲུབ་མཐའི་ལྟ་ཚུལ་ཁྱད་པར་བའི་སྒོ་ནས་བཤད་ན་འཇིག་རྟེན་ལས་འདས་ པའི་ལྷག་མཐོང་ནི་ཆོས་ཀྱི་བདག་མེད་ཀྱི་རྣམ་ཅན་ཡིན།

ཏིང་ངེ་འཛིན་དེ་བས་མྱུར་དུ་འདྲེན་པའི་ཕྱིར་དུ་སྔགས་ལུགས་ནང་ལྷ་ཡི་རྣལ་ འབྱོར་སྐོར་དང་འབྲེལ་བའི་ཐབས་ལམ་དམིགས་བསལ་ཁག་ཡོད། ལྷ་ཡི་རྣལ་འབྱོར་གྱི་ལམ་གྱིས་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕར་ཕྱིན་དྲུག་གི་མཐའ་མ་གཉིས་པོ་བསམ་གཏན་དང༌། ཤེས་རབ་བྱང་སེམས་ཀྱི་སྡེ་སྣོད་ནས་བཤད་པ་རྣམས་ཟུང་འབྲེལ་སྒྲུབ་པའི་ཐབས་ཁྱད་ པར་ཅན་གྱི་སྒོ་ནས་སངས་རྒྱས་སུ་དེ་བས་མྱུར་བར་གོང་ནས་གོང་དུ་འགྲོ་བར་བྱེད་ ཀྱི་ཡོད། སེམས་གཡོ་བ་མེད་ཅིང་བརྟན་ལ་གསལ་བའི་བསམ་གཏན་མེད་ན་ཤེས་རབ་ཀྱིས་ཡུལ་ཕྲ་ཞིང་ ཕྲ་བ་ཇི་ལྟ་བ་བཞིན་ཤེས་མི་ནུས། དེ་འདྲ་ཡིན་སྟབས་བསམ་གཏན་ངེས་པར་དུ་དགོས། རང་བཞིན་མེད་པར་རྟོགས་པའི་ཤེས་རབ་སྐྱེས་དགོས་པའི་རྒྱུ་མཚན་ནི། བསམ་གཏན་ཙམ་ཡོད་ཀྱང་དེས་ཡུལ་རྣམས་རང་གི་སྡོད་ལུགས་སམ། ངོ་བོས་གྲུབ་པར་འཛིན་པའི་བློ་ཕྱིན་ཅི་ལོག་ལ་གནོད་མི་ཐུབ་པས་ཡིན། དེས་ན་བསམ་གཏན་དང་ཤེས་རབ་ཟུང་འབྲེལ་འདི་ངེས་པར་དགོས་པ་ཡིན།

གསང་འདུས་སྐོར་གྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལྟར་ན། སྔགས་ཀྱི་ཐེག་པ་ལ་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་བཅས་སྡེ་ཚན་བཞི་ཡོད། འདི་དག་ལས་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་ བཅས་རྒྱུད་སྡེ་འོག་མ་གསུམ་གྱིས་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་དུ་གྱུར་པའི་ མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གྱི་ཐོག་ནས་ལམ་གོང་འཕེལ་དུ་འགྲོ་སྟངས་ བཤད་ཡོད། ཏིང་ངེ་འཛིན་ནི་སོ་སོའི་ལུས་དེ་དམིགས་ཡུལ་ཡི་དམ་གྱི་སྐུ་ལུས་སུ་ཤར་བའི་གསལ་ སྣང་དེ་གའི་ཐོག་ནས་ཐོབ་པ་ཡིན། རང་ལུས་ལྷ་སྐུར་གསལ་བའམ། མོས་པའི་ངང་ནས་རང་བཞིན་མེད་པར་ངེས་པ་ཡིན་པས་ན་ལྷ་སྐུར་གསལ་བ་དང༌། དེའི་རང་བཞིན་མཐར་ཐུག་རྟོགས་པའི་ཟབ་པའི་ཤེས་རབ་གཉིས་ཚོགས་འབྱུང་བ་ཡིན། འདི་ལྟ་བུའི་ཟབ་མོ་རྟོགས་པའི་བློ་དང༌། དེ་དང་ལྷན་ཅིག་ལྷ་སྐུར་ཤར་བ་ནི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཡིན།

བྱ་རྒྱུད་ནང་མཚན་བཅས་ཀྱི་རྣལ་འབྱོར་སྐབས་རང་ཉིད་ལྷར་བསྐྱེད་པའམ། མོས་པའི་ཚུལ་ལ་ལྷ་དྲུག་ཅེས་པའི་རིམ་པ་དྲུག་ཡོད། དང་པོ་ནི་སྟོང་པའི་ལྷ་ཡིན་ཞིང༌། དེ་ནི་རང་ཉིད་དང་ཡི་དམ་གཉིས་རང་མཚན་གྱིས་གྲུབ་པས་སྟོང་པ་མཉམ་པར་སྒོམ་པ་འདི་ ཡིན། གཉིས་པ་ནི་སྒྲའི་ལྷ་ཡིན་ཞིང༌། དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་སྣང་བ་དེ་ནམ་མཁར་ཡི་དམ་བྱེ་བྲག་པ་ཞིག་གི་ གཟུངས་སྔགས་ཀྱི་བྲག་ཆར་བལྟ་བ་འདི་ཡིན། གསུམ་པ་ནི་ཡི་གེའི་ལྷ་ཡིན་ཞིང༌། དེར་གཟུངས་སྔགས་ཀྱི་སྒྲ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་ཟུར་ལ་མཐའ་བསྐོར་ནས་ ཡོད་པ་སྣང་གི་ཡོད། བཞི་པ་ནི་གཟུགས་ཀྱི་ལྷ་ཡིན་ཞིང༌། དེ་ནི་ཟླ་བ་དང་ཡི་གེ་རྣམས་ཡི་དམ་གྱི་སྐུ་ལུས་སུ་བསྒྱུར་བ་འདི་ཡིན། ལྔ་པ་ནི་ཕྱག་རྒྱའི་ལྷ་ཡིན་ཞིང༌། དེ་ནི་ཕྱག་རྒྱའི་སྒོ་ནས་ལྷའི་སྐུ་ལུས་ཀྱི་གལ་ཆེའི་གནས་རྣམས་ཀྱི་བྱིན་རླབས་ སྩོལ་རྒྱུུ་འདི་ཡིན། དེ་ནས་སྐུ་གསུང་ཐུགས་མཚོན་པའི་ཆེད་སྤྱི་བོར་ཨོཾདཀར་པོ་དང༌། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་ནས་ལྷའི་ཡོན་ཏན་ནམ། མཚན་མ་མཐའ་དག་རྫོགས་པའི་ལྷ་སྐུར་མཉམ་པར་བཞག་དགོས། འདི་ནི་རིམ་པ་མཐའ་མ་མཚན་མའི་ལྷ་ཡིན།

རང་ཉིད་ཡི་དམ་དུ་གསལ་འདེབས་པ་ལས་གྲུབ་འབྲས་གང་འཚམས་བྱུང་དུས། ཏེང་ངེ་འཛིན་མྱུར་དུ་གོང་འཕེལ་དུ་གཏོང་བའི་ཆེད་མེར་གནས་བསམ་གཏན་དང་སྒྲར་ གནས་བསམ་གཏན་རྣམས་བེད་སྤྱོད་བྱེད་ཀྱི་ཡོད། དེའི་རྗེས་མཚན་མ་མེད་པའི་རྣལ་འབྱོར་འགྲུབ་ཅིང༌། དེ་ནི་སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་ཡིན། འདི་ནི་རང་བཞིན་སྟོང་པ་ཉིད་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ལྷག་མཐོང་ སྒྲུབ་ཚུལ་ཡིན། ཡི་དམ་གྱི་རྣལ་འབྱོར་སྐྱོང་བཞིན་པའི་སྐབས་ཡིན་ནའང༌། གཙོ་བོར་བཟུང་རྒྱུ་ནི་ཆོས་རྣམས་ཀྱི་རང་བཞིན་མཐར་ཐུག་ངེས་པའི་ཆ་དེ་ཡིན།

སྤྱོད་རྒྱུད་ཀྱི་ལམ་གྱི་རིམ་པའི་འགྲེལ་ཚུལ་ནི་བྱ་རྒྱུད་ནང་ལ་གསུངས་པ་དང་ ཕལ་ཆེར་མཚུངས་ནའང༌། རྣལ་འབྱོར་རྒྱུད་ནང་ཕྲན་བུ་མི་འདྲ་བ་གསུངས་ཡོད། དེར་སྦྱང་གཞི་ནི་ལུས་དང༌། ངག །ཡིད། བྱ་བ་བཅས་ཡིན་པར་གསུངས་ཤིང༌། འདི་དག་འབྲས་དུས་ཀྱི་སངས་རྒྱས་ཀྱི་སྐུ་དང༌། གསུང༌། ཐུགས། འཕྲིན་ལས་ཕུན་ཚོགས་སུ་བསྒྱུར་བའི་སྦྱོང་བྱེད་ཀྱི་ཐབས་སུ་ཕྱག་རྒྱ་བཞི་གསུངས་ ཡོད། རིམ་པ་འདིར་ཞི་གནས་སྒྲུབ་ཚུལ་ནི། སྣ་རྩེར་རྡོ་རྗེ་ལྟ་བུའི་ཕྱག་མཚན་ཆུང་ཆུང་ཞིག་དམིགས་པ་དེ་རིམ་བཞིན་གྲངས་ཇེ་ འཕེལ་དུ་སོང་སྟེ་ཐོག་མར་རང་ཉིད་ཀྱི་ལུས་དང་དེ་ནས་གཡས་གཡོན་ཐམས་ཅད་ལ་ཕྱག་ མཚན་དེས་ཁྱབ་པ་བསྒོམས་པ་ལས་གོང་འཕེལ་དུ་གཏོང་ཐུབ། དེ་འདྲའི་ཕྱག་མཚན་དེ་ནི་རྒྱལ་བ་རིགས་ལྔ་སོ་སོ་དང་མཐུན་པའི་ཆ་ནས་བཞག་ཅིང༌། དེ་ནི་རིགས་ལྔའི་ལྷ་སོ་སོའི་ཕྱག་གི་ནང་དུ་ཕྱག་མཚན་དམིགས་བསལ་རེ་བསྣམས་པ་ རྣམས་ཡིན་ལ། དེ་ཡང་དཔེར་ན་རྣམ་པར་སྣང་མཛད་ཀྱིས་འཁོར་ལོ་དང༌། མི་བསྐྱོད་པས་རྡོ་རྗེ་བསྣམས་ཡོད། དེ་ལྟ་བུའི་ཕྱག་མཚན་ཆུང་ཆུང་ཞིག་བསྒོམས་པ་ལས་ཡུལ་གྱི་ཚད་ལ་ལྟོས་ཏེ་ཞི་གནས་ སྐྱེ་བ་ལ་ཕན་ཐོགས་ཡོད་པ་ཡིན་ལ། སྒོམ་གྱི་རྩལ་འཕེལ་བ་ལ་ཕན་ཐོགས་པ་ནི་ཕྱག་མཚན་གྱི་རྣམ་པ་དུ་མ་སྤྲོས་པ་དང་ བསྡུ་བའི་ཉམས་ལེན་གྱི་ཐོག་ནས་ཡིན།

རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནང་བརྟག་པ་དང་བཅོས་མའི་སྐྱེད་རིམ་དང༌། མ་བརྟག་པ་དང་མ་བཅོས་པའི་རྫོགས་རིམ་བཅས་རྣལ་འབྱོར་རིམ་པ་གཉིས་ཀྱི་ཐོག་ནས་ བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་གཙོ་བོར་བྱས་ཏེ་གསུངས་ཡོད། སྔགས་བླ་མེད་ཀྱི་རྣལ་འབྱོར་ནང་སྐྱེད་རིམ་དང་རྫོགས་རིམ་གཉིས་ཀའི་སྐབས་སུ་ཐ་ མལ་པའི་འཆི་སྲིད་དང༌། བར་སྲིད། སྐྱེ་སྲིད་རྣམས་ལམ་དུ་ཁྱེར་ནས་སངས་རྒྱས་ཀྱི་ཆོས་སྐུ་དང༌། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་ངོ་བོར་བསྒྱུར་གྱི་ཡོད།

སྔགས་བླ་མེད་ཀྱི་རྣལ་འབྱོར་ནང་དུ་ནང་གི་རྩ་རླུང་ཐིག་ལེ་རྣམས་ཀྱི་སྟེང་ དུ་སྒོམ་རྒྱག་རྒྱུའི་ཐབས་ཡོད། རྩའི་རྣམ་གཞག་ནི་རིམ་པ་གཉིས་སུ་ཕྱེ་ཡོད་ཅིང༌། གཅིག་ནི་གཟུགས་ཅན་གྱི་དངོས་པོ་ཞིག་གི་ཐོག་ནས་བཤད་པ་དང༌། གཞན་དེ་ནི་སྒོམ་ཙམ་གྱི་ཆེད་དུ་ཡིན། ཕྱི་མ་དེ་སྒོམ་གྱི་འབྲས་བུ་ཁྱད་པར་ཅན་ཐོན་པའི་ཆེད་དུ་གསུངས་པ་ཡིན་པས་དེ་དང་ ཏག་ཏག་མཚུངས་པའི་གཟུགས་ཅན་དགོས་རྒྱུ་དེ་དམིགས་ཡུལ་མིན། གང་ལྟར་ཡང་དོན་དུ་གཉེར་རྒྱུའི་འབྲས་བུ་དེ་འགྲུབ་ཀྱི་ཡོད།

ཉམས་ལེན་པས་རྩ་འཁོར་འདི་རྣམས་ཀྱི་ནང་དུ་ཁུ་བ་དང༌། འོད། ཡང་ན་ཡི་གེ་རྣམས་སྒོམ་གྱི་ཡོད། འདི་དག་སྒོམ་སའི་གནས་དམིགས་བསལ་གྱི་དབང་གིས་དང༌། དབང་གི་ནུས་པ་དང༌། དེ་བཞིན་དུ་ཡི་དམ་ལྷའི་བསྙེན་པ་ཞེས་པའི་སྔོན་འགྲོའི་སྒོམ་གྱི་ནུས་པ་ལ་སོགས་ པའི་དབང་གིས་འཇོག་སྒོམ་ཙམ་བེད་སྤྱོད་བྱས་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པས་ སྟོང་པ་རྟོགས་པའི་ལྷག་མཐོང་སྒྲུབ་ཀྱི་ཡོད། དེར་མ་ཟད་ཞི་གནས་དང་ལྷག་མཐོང་ཅིག་ཅར་དུ་ཐོབ་པ་ཡང་སྲིད་ཀྱི་ཡོད།

ལུས་ཀྱི་གནས་གཙོ་ཆེ་བ་ཁག་ལ་ཡི་གེའམ། འོད་ལ་དམིགས་པ་གཏད་པའི་ཐབས་ཀྱིས་རྣམ་རྟོག་བཙན་ཐབས་སུ་འགོག་རྒྱུར་གྲོགས་ བྱེད་ཀྱི་ཡོད། རྣམ་རྟོག་བཀག་དགོས་པའི་རྒྱུ་མཚན་ནི། རྣམ་ཤེས་ཀྱི་ནང་གསེས་ལ་རགས་པ་ནས་ཆེས་ཤིན་ཏུ་ཕྲ་བའི་བར་རིམ་པ་དུ་མ་ཡོད་པ་ དང༌། སྔགས་བླ་མེད་ཀྱི་རྣལ་འབྱོར་ནང་རྣམ་ཤེས་ཕྲ་བ་རྣམས་ལམ་གྱི་ཡེ་ཤེས་སུ་བསྒྱུར་ གྱི་ཡོད་པའི་ཆ་ནས་ཡིན། ནམ་རྒྱུན་ང་ཚོ་ཤི་དུས་རྣམ་ཤེས་རགས་རིམ་རྣམས་འགགས་ཏེ་ཕྲ་རིམ་རྣམས་མངོན་དུ་ གྱུར་ནས་མཐར་རྣམ་ཤེས་ཕྲ་ཤོས་འཆི་བ་འོད་གསལ་གྱི་སེམས་མངོན་དུ་གྱུར་གྱི་ཡོད། སྐྱེ་བོ་ཐ་མལ་པ་རྣམས་རིམ་པ་འདིའི་སྐབས་དྲན་མེད་བརྒྱལ་བ་ལྟ་བུ་མ་གཏོགས་བསམ་ བློ་མེད། འོན་ཀྱང་སེམས་ཀྱི་རྟེན་ལུས་དེ་གུད་མེད་པ་ཡིན་ན་རྣལ་འབྱོར་པས་སྒོམ་གྱི་ སྟོབས་ཀྱིས་རྣམ་ཤེས་རགས་རིམ་རྣམས་བསྡུས་ཏེ་རྣམ་ཤེས་ཕྲ་བ་རྣམས་གསལ་ཞིང་རིག་ པ་ཆ་ཚང་བ་མྱོང་ཐུབ་ཀྱི་ཡོད། རླུང་སེམས་ཕྲ་རགས་རྣམས་བཙན་ཐབས་ཀྱིས་འདུས་པ་ལས་རྣལ་འབྱོར་པས་ཆེས་ཤིན་ཏུ་ཕྲ་ བའི་འོད་གསལ་གྱི་སེམས་མངོན་དུ་བྱེད་ཀྱི་ཡོད། རྣམ་ཤེས་ཀྱི་རིམ་པ་འདི་ལམ་ལ་འཇུག་པའི་སྐབས་སུ་བེད་སྤྱོད་བྱས་ན་ལྷག་པར་དུ་ སྟོབས་ཆེན་པོ་དང་མྱུར་པོ་ཡོད། སེམས་འདིས་ལམ་གྱི་རིམ་པ་འདི་དག་ཉམས་སུ་ལེན་པར་སྨིན་པའི་ཆེད་དུ་ཐོག་མར་ སྐྱེད་རིམ་ཉམས་ལེན་བྱེད་དགོས།

དེ་དག་ནི་རྣམ་གཞག་མདོ་ཙམ་མཚོན་པ་ཞིག་ཡིན་ཞིང༌། རིམ་པ་འདི་དག་མདོ་སྔགས་ཀྱི་ནང་དུ་ཇི་ལྟར་གསུངས་པའི་སྒྲུབ་ཚུལ་ལེགས་པར་ཤེས་ ན་བེད་སྤྱོད་ཆེན་པོ་ཡོད།

བདེན་པ་གཉིས།

བྷར་ཀེ་ལེ་ནང་དུ་ཡོད་པའི་ཁེ་ལི་ཕོར་ནི་ཡའི་ཆེས་མཐོའི་ སློབ་གཉེར་ཁང་ལ་སྩལ་བའི་བཀའ་སློབ།

༄༅། །ནང་པའི་ཆོས་ཀྱི་གཞི་རྩའི་འགྲོ་སྟངས་དེ་ཐབས་ཚུལ་མི་འདྲ་བ་དུ་མ་ཞིག་གི་སྒོ་ ནས་བསྟན་ཐུབ་ལ། དེ་དག་གི་བསྟན་ཚུལ་གལ་ཆེ་བའི་གྲས་ནས་གཅིག་ནི། གཞི་ལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་བཅས་བདེན་པ་གཉིས་དང༌། དེ་དག་ལ་བརྟེན་པའི་ལམ་ཐབས་ཤེས་གཉིས་དང༌། ལམ་དེ་རྣམས་ཀྱི་འབྲས་བུ་ལ་གཞན་དོན་སྒྲུབ་པའི་གཟུགས་སྐུ་དང་རང་དོན་ཡོངས་སུ་ རྫོགས་པའི་ཆོས་སྐུ་བཅས་སངས་རྒྱས་ཀྱི་སྐུ་གཉིས་ཡོད་པ་དེ་ཡིན། ནང་པའི་ཆོས་ཀྱི་ནང་ལ་ཐོག་མ་མེད་པ་ནས་བྱང་ཆུབ་ཅིང༌། གཏན་དུ་སངས་རྒྱས་ཀྱི་ངོ་བོར་གནས་པའི་སངས་རྒྱས་དེ་འདྲ་ཞིག་གསུངས་མེད། སངས་རྒྱས་ནི་ང་རང་ཚོ་གང་ཟག་ཕལ་པ་བཞིན་དུ་ཐོག་མར་ཉོན་མོངས་ཀྱིས་བསླད་པའི་ སེམས་དང་ལྡན་པ་ཞིག་ཡིན་ཡང༌། ལམ་རིམ་གྱིས་བགྲོད་པ་ལ་བརྟེན་ནས་ཉོན་མོངས་པ་བསལ་ནས་མཐར་སྐྱོན་ཀུན་ཟད་དང་ ཡོན་ཏན་ཀུན་ལྡན་གྱི་གང་ཟག་གི་ངོ་བོར་གྱུར་པ་ཡིན།

ཁོང་རྣམ་པས་འདི་ལྟ་བུ་གྲུབ་ཐུབ་པའི་ནུས་པའི་རྩ་བ་ནི། སེམས་ཀྱི་རང་བཞིན་གསལ་རིག་ཙམ་ཡིན་པ་འདི་ཡི་དབང་གིས་ཡིན། སེམས་ཞེས་པ་ནི་ཡུལ་གྱི་རྣམ་པ་ཤར་སྟོབས་ལས་ཡུལ་དེ་དང་དེའི་རྣམ་པ་ཅན་དུ་ཤར་ ནུས་པའི་གསལ་ཙམ་རིག་ཙམ་གྱི་ངོ་བོ་དང་མྱོང་བའི་བདག་ཉིད་ཅན་ཞིག་ཡིན་ཞིང༌། དེ་ནི་སྐད་ཅིག་སྐད་ཅིག་གིས་འཇིག་གི་ཡོད། དེའི་རྒྱུ་ལ་དུ་མ་ཞིག་ཡོད་པ་ལས། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་སུ་དབྱེ་ན། དེ་ཉིད་མྱོང་བའི་ངོ་བོ་ཡིན་པ་དེ་རང་གི་སྐད་ཅིག་སྔ་མར་གྱུར་པའི་དེ་མ་ཐག་ རྐྱེན་གྱི་ཤེས་པ་ཞིག་དེའི་ཉེར་ལེན་དུ་སོང་བའི་དབང་གིས་ཡིན་པ་ལས། ཕྱི་དངོས་པོས་ཉེར་ལེན་གྱི་རྒྱུ་བྱེད་པ་ལས་གསལ་ཞིང་རིག་པའི་ཁྱད་ཆོས་དང་ལྡན་ པའི་ངོ་བོ་ཞིག་སྐྱེ་མི་སྲིད་པ་དང༌། དེ་བཞིན་ནང་ཤེས་པས་ཕྱི་དངོས་པོའི་ཉེར་ལེན་གྱི་རྒྱུ་བྱེད་མི་ཐུབ། ཤེས་པ་སྐད་ཅིག་རེ་རེ་ལ་དེའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཤེས་པ་སྐད་ཅིག་སྔ་ མ་ཞིག་དགོས་སྟབས། སེམས་ཀྱི་རྩ་བའི་རྒྱུན་དེ་ཐོག་མེད་བཞག་ན་མ་གཏོགས་འགྲོ་ས་མེད། སེམས་ཀྱི་རིགས་དམིགས་བསལ་ཅན་འགའ་ཞིག་ལ་ཐོག་མ་དང་མཐའ་མ་ཡོད་ཀྱང༌། རིགས་གཞན་ལ་རྒྱུན་གྱི་ཆ་ནས་ཐོག་མ་མེད་ཀྱང་མཐའ་མ་ཡོད་པ་དེ་འདྲ་ཡོད། ཡིན་ནའང་སེམས་གསལ་རིག་གི་ཆ་དེ་ལ་ཐོག་མཐའ་གང་ཡང་འཇོག་མི་ཐུབ། དེས་ན་སེམས་དེ་སྐད་ཅིག་སྐད་ཅིག་གིས་འཇིག་ཀྱང་དེའི་རྒྱུན་ལ་ཐོག་མ་མེད་པ་ཡིན།

སེམས་ཀྱི་གནས་སྟངས་འདི་འདྲ་ཡིན་ན། དེ་ཇི་ལྟར་བཅོས་ནུས་པ་ཡིན་ཞེ་ན། སེམས་ལ་འཁྲུལ་པའི་ཆ་ཡོད་པ་ནི་ཤེས་བྱའི་གནས་ལུགས་ལ་བར་དུ་གཅོད་པའི་རྨོངས་པ་ མ་རིག་པའི་དབང་གིས་ཡིན། མ་རིག་པ་འདི་སེལ་བ་ལ་ངེས་པར་དུ་གནས་ལུགས་རྟོགས་པའི་བློ་བསྐྱེད་དགོས། དེ་ལྟ་བུའི་ཤེས་བྱའི་གནས་ལུགས་རྟོགས་པའི་བློ་བསྐྱེད་པ་ལ་གང་ཤེས་པར་བྱ་ རྒྱུའི་ཡུལ་དེ་དག་ངེས་པར་དུ་ཤེས་དགོས་པས། དེ་ལ་སྣང་ཙམ་གྱི་ཀུན་རྫོབ་པའི་ཡུལ་དང༌། ཡུལ་དེ་རྣམས་ཀྱི་ཡིན་ལུགས་མཐར་ཐུག་བཅས་རིམ་པ་གཉིས་ཡོད། སྔ་མ་རྣམས་ནི་ཐ་སྙད་དཔྱོད་བྱེད་ཀྱི་བློས་རྙེད་པའི་ཡུལ་དང༌། ཕྱི་མ་རྣམས་ནི་མཐར་ཐུག་དཔྱོད་བྱེད་ཀྱི་བློས་རྙེད་པའི་ཡུལ་ཡིན། དང་པོ་རྣམས་ལ་ཀུན་རྫོབ་བདེན་པ་དང༌། གཉིས་པ་རྣམས་ལ་དོན་དམ་བདེན་པ་ཞེས་བརྗོད།

བདེན་གཉིས་ཀྱི་རྣམ་གཞག་དེ་ཕྱི་རོལ་པའི་གྲུབ་མཐའ་དང༌། དེ་བཞིན་ནང་པའི་གྲུབ་མཐའ་གོང་འོག་ཀུན་གྱི་ནང་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ ཡོད། ནང་པའི་ཆོས་ཀྱི་ནང་གྲུབ་མཐའ་འགའ་ཞིག་གིས་ཆོས་ཀྱི་བདག་མེད་བཞེད་ལ། འགའ་ཞིག་གིས་མི་བཞེད། འདིར་ངས་ཆོས་ཀྱི་བདག་མེད་མི་འདོད་པའི་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་གཉིས་ཀྱི་གྲུབ་མཐའི་བཞེད་ཚུལ་སྐོར་འགྲེལ་བཤད་མ་བྱེད་པར་ཆོས་ཀྱི་ བདག་མེད་བཞེད་པའི་སེམས་ཙམ་པ་དང༌། དབུ་མ་པའི་བདེན་གཉིས་འཇོག་ཚུལ་སྐོར་མདོ་ཙམ་ཞིག་བཤད་ཀྱི་ཡིན།

སེམས་ཙམ་པའི་གྲུབ་མཐའི་ནང་བདེན་གཉིས་ཀྱི་འགྲེལ་བཤད་གནང་སྐབས་དེ་དང་ འབྲེལ་ནས་མཚན་ཉིད་གསུམ་གྱི་རྣམ་གཞག་གསུངས་ཡོད། དེ་ནི་གཞན་དབང་ངམ་རྟེན་འབྲེལ་གྱི་མཚན་ཉིད་ཅེས་པ་ནི་ཆོས་ཅན་དང༌། ཀུན་བཏགས་པའི་མཚན་ཉིད་ནི། གཞན་དབང་གི་མཚན་ཉིད་ཀྱི་སྟེང་དུ་གང་བཀག་པའི་དགག་བྱའི་ཡུལ་དེ་ཡིན་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི། གཞན་དབང་གི་མཚན་ཉིད་ཀྱི་སྟེང་གི་ཀུན་བཏགས་པའི་མཚན་ཉིད་ཀྱིས་སྟོང་པའམ། ཡུལ་ཡུལ་ཅན་ངོ་བོ་ཐ་དད་པས་སྟོང་བ་དེ་ཡིན་ཞིང༌། དེ་ནི་དོན་དམ་བདེན་པ་ཡིན།

སེམས་ཙམ་པའི་ལུགས་ལ་ཤེས་བྱ་དེ་དག་རེ་རེ་ནས་དེ་དང་དེ་འཛིན་པའི་ཤེས་པ་དང་ བདག་ཉིད་གཅིག་ཏུ་གྲུབ་པ་ཡིན་ལ། དེ་དག་འཛིན་པའི་ཤེས་པ་ལས་ཕྱི་རོལ་ཏུ་གྱུར་པའི་ངོ་བོ་ཡིན་པའི་ཡུལ་མེད། དེས་ན་ལུགས་འདི་ལ་བདག་མེད་ཀྱི་ལྟ་བའི་སྐབས་ཀྱི་བདག་ཅེས་པ་དེ། ཡུལ་དེ་དང་དེ་འཛིན་པའི་ཤེས་པ་ལས་ངོ་བོ་ཐ་དད་པའི་ཕྱི་རོལ་ཡུལ་ཞིག་ལ་ངོས་ འཛིན་བྱེད་ཅིང༌། འདི་ནི་ཆོས་རྣམས་གང་གིས་སྟོང་པའམ་མེད་རྒྱུའི་ཀུན་བཏགས་པའི་མཚན་ཉིད་མཐར་ཐུག་ པ་དེ་ཡིན་པས་ཆོས་རྣམས་དེ་ལྟ་བུའི་བདག་གིས་སྟོང་པ་ནི་ཡོངས་སུ་གྲུབ་པའི་མཚན་ ཉིད་ཡིན། དེར་བརྟེན་སེམས་ཙམ་པས་ཆོས་ཐམས་ཅད་ཤེས་པ་རང་གི་ནང་ལ་རྫོགས་པར་གྲུབ་པ་ལྟ་བུ་ ཞིག་བཞེད་ཀྱི་ཡོད།

དབུ་མ་པའི་གྲུབ་མཐའི་ནང་གསེས་ལ་མཁས་དབང་རྣམས་ཀྱི་བདེན་གཉིས་འགྲེལ་ཚུལ་ སྣ་ཚོགས་པ་ཞིག་ཡོད་ན་ཡང༌། འདིར་སངས་རྒྱས་བསྐྱངས་ཀྱི་བཞེད་པ་དེ་གཙོ་བོར་བྱས་ནས་བཤད་ཀྱི་ཡིན། ཁོང་གིས་གཟུགས་སྒྲ་ལ་སོགས་པ་སེམས་ཙམ་པས་བཤད་པ་ལྟར་སེམས་ཀྱི་བདག་ཉིད་མིན་པར། སེམས་ལས་ངོ་བོ་ཐ་དད་པ་ཞིག་ཏུ་གསུངས། དེར་མ་ཟད་སངས་རྒྱས་བསྐྱངས་ཀྱིས་ཆོས་འདི་དག་རང་འཛིན་པའི་ཤེས་པ་ལས་ངོ་བོ་ཐ་ དད་དུ་བཞག་པ་ཙམ་མིན་པར། དེ་དག་གི་ངོ་བོ་གྲུབ་ཚུལ་ཡང་སེམས་ཙམ་པ་དང་མི་མཚུངས་པར་རང་གི་མཚན་ཉིད་དམ་ བདེན་པར་གྲུབ་པ་མེད་པར་གསུངས་ཡོད།

དེ་ལྟར་ན་སངས་རྒྱས་བསྐྱངས་ཀྱི་ལུགས་ལ་རང་གི་མཚན་ཉིད་དམ། བདེན་གྲུབ་ཀྱིས་སྟོང་པ་དེ་གང་ཡིན་ཞེ་ན། དེ་ནི་དེའི་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པའམ། བདེན་པར་ཡོད་ཚུལ་འགྲེལ་བཤད་བརྒྱབ་ན་གོ་སླ། ང་ཚོར་ཆོས་གང་དང་གང་སྣང་ཡང༌། ཡུལ་གྱི་ངོས་ནས་རང་དབང་བའི་ཚུལ་དུ་རང་ངོས་ནས་ཡོད་པར་སྣང་ཞིང༌། དེ་ལྟར་ན་ཡང་དེ་དག་སྣང་བ་ལྟར་ཡོད་མེད་དཔྱད་པའི་ཚེ་རྙེད་མི་ཐུབ། ཡུལ་གང་ཞིག་རང་གི་ཆ་ཤས་རྣམས་རེ་རེར་ཕྱེས་ན་ཆ་ཅན་ཚོགས་པ་དེ་རྙེད་མི་ཐུབ་པས་ དཔྱད་མཐར་ཚོགས་པ་དེ་འཇོག་མི་ཐུབ་པ་ཡིན།

དེར་མ་ཟད་ཆ་མེད་ཡིན་པའི་ཤེས་བྱ་གང་ཡང་མེད། གཟུགས་ཅན་ཐམས་ཅད་ལ་ཕྱོགས་ཀྱི་ཆ་ཡོད་པ་ནི་དཔེར་ན། ང་ཚོས་ལྟེ་དབུས་ཕྲ་རྡུལ་ཞིག་གི་ནང་ཕོ་རྡུལ་ཚོགས་པའི་ཆེས་ཕྲའི་རྡུལ་ཕྲན་ ཀོརཀ་ལྟ་བུ་ལ་མཚོན་ན་ཡང༌། དེ་དག་གིས་གོ་ས་གང་ཞིག་ནོན་པས་ཕྱོགས་ཀྱི་ཆ་ཡོད་པ་ཡིན། སེམས་ཙམ་པའི་མཁས་དབང་སློབ་དཔོན་དབྱིག་གཉེན་གྱིས་ཉི་ཤུ་པའི་ནང༌། རྡུལ་ཕྲན་ཕྲ་ཤོས་དེ་ལ་ཡང་རང་གི་ཉེ་འཁོར་གྱི་རྡུལ་ཕྲན་རྣམས་ལ་ལྟོས་ཏེ་ཕྱོགས་ ཀྱི་ཆ་ཡོད་པའི་དཔྱད་པ་ཞིབ་མོར་མཛད་ཡོད་ཅིང༌། དེ་ལ་བརྟེན་ནས་ཁོང་གིས་ཆ་མེད་ཀྱི་དངོས་པོ་མེད་པར་སྒྲུབ་གནང་ཡོད།

སློབ་དཔོན་དབྱིག་གཉེན་གྱིས་ཆ་མེད་ཀྱི་དངོས་པོ་མེད་པར་བསྒྲུབས་པའི་སྒོ་ ནས་ཕྱི་རོལ་གྱི་ཡུལ་མེད་པ་དང༌། ཕྱི་རོལ་གྱི་ཡུལ་རྣམས་དཔྱད་པའི་འོག་མི་རྙེད་པའི་རྒྱུ་མཚན་བྱས་ནས་ཕྱི་དོན་ མེད་པར་གསུངས། དེ་ལྟ་ནའང་དབུ་མ་པའི་ལུགས་ལ་རྡུལ་ཕྲན་ཆ་མེད་རྩ་བ་ནས་མེད་ན་ཡང༌། ཕྱི་རོལ་གྱི་ཡུལ་རྣམས་དཔྱད་པའི་འོག་མི་རྙེད་པ་དེ་ཉིད་ཕྱི་རོལ་གྱི་ཡུལ་རྣམས་ བདེན་པར་མ་གྲུབ་པའི་དོན་ཡིན་གྱི། དེ་རྣམས་མེད་པའི་དོན་མིན། དེར་བརྟེན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་མི་རྙེད་པ་དེ་བདེན་པར་མ་གྲུབ་ པའི་དོན་ཡིན་པ་ལས་མེད་པའི་དོན་མིན།

ཆོས་རྣམས་ཡོད་པ་ཡིན་ལ། དེ་དག་ལས་རྩོད་པ་མེད་པར་ཕན་གནོད་ཡོང་བ་ནི། དེ་རྣམས་ཡོད་པའི་རྟགས་མཚན་ཡིན། དེ་ལྟ་ན་ཡང་དེ་རྣམས་ང་ཚོར་ཇི་ལྟར་སྣང་བ་ལྟར་མེད། ཆོས་རྣམས་མཐར་ཐུག་དཔྱོད་པའི་འོག་མི་རྙེད་པ་དེ་ཡིས་དེ་དག་བདེན་པར་རམ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་པ་ཡིན། ཆོས་རྣམས་ཇི་ལྟར་སྣང་བ་ལྟར་སྟོང་པ་ཡིན་ཙང༌། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ངོ་བོར་གྲུབ་པ་ཡིན། དཔེར་ན། མ་བརྟག་མ་དཔྱད་པའི་ངོར་ང་ཚོས་དཔེ་ཁྲི་འདི་བེད་སྤྱོད་བྱེད་ཅིང༌། བརྟག་པའམ་དཔྱད་པ་མེད་པར་འདིར་དཔེ་ཁྲི་ཞིག་འདུག་སྙམ་པའི་བློ་ཞིག་སྐྱེ་གི་ ཡོད། དེ་ལྟ་བུའི་བློ་ནི་ཀུན་རྫོབ་དཔྱོད་པའི་ཤེས་པ་དང༌། བློ་འདིས་རྙེད་པའི་ཡུལ་དཔེ་ཁྲི་ཙམ་ནི་ཀུན་རྫོབ་བདེན་པ་ཡིན།

གལ་སྲིད་དཔེ་ཁྲི་དེ་སྣང་ཙམ་གྱིས་མི་ཚིམས་པར་དེའི་རང་བཞིན་གྱི་གནས་ལུགས་ སམ། ངོ་བོའི་གནས་ལུགས་དེ་བཙལ་ན་མི་རྙེད། དཔེ་ཁྲི་དེ་ཉིད་ཀྱི་གདགས་གཞིའམ་རྟེན་གཞི་ཁ་དོག་དང་དབྱིབས་ལ་སོགས་པ་དཔེ་ ཁྲིའི་ཁྱད་ཆོས་རྣམས་སོ་སོར་བསལ་བ་ན་དཔེ་ཁྲི་དེ་རྙེད་མི་ཐུབ།

ཡུལ་ཀུན་རྫོབ་པ་ཙམ་སྣང་བ་ཙམ་གྱིས་མི་ཚིམས་པར་འདི་ལྟར་འཚོལ་བར་བྱེད་པའི་ བློའམ་ཤེས་པ་དེ་ཡུལ་གྱི་རང་བཞིན་མཐར་ཐུག་དང་འབྲེལ་བ་ཞིག་ཡིན། འདིས་དཔྱད་ནས་གང་རྙེད་ཅེ་ན། དཔེ་ཁྲི་མི་རྙེད་པ་དེ་རྙེད། དཔེ་ཁྲི་དེ་བཙལ་བ་ན། དཔྱད་གཞི་དཔེ་ཁྲི་དེ་ཡིན་པས། དཔེ་ཁྲིའི་སྟེང་གི་རྙེད་རྒྱུ་མེད་པ་དེ་དཔེ་ཁྲིའི་རང་བཞིན་མཐར་ཐུག་ཡིན། དེ་ནི་ཡུལ་དེའི་ཁྱད་ཆོས་ཀྱི་ནང་ནས་ཁྱད་ཆོས་མཐར་ཐུག་དང༌། གནས་ལུགས་སམ་སྡོད་ལུགས་མཐར་ཐུག་པ་ཡིན།

དེར་བརྟེན་སངས་རྒྱས་བསྐྱངས་ཀྱིས་སྟོང་ཉིད་ཀྱི་རྣམ་གཞག་གསུངས་པའི་ཚེ། ཆོས་རྣམས་བྱ་བྱེད་ཀྱི་ནུས་པས་སྟོང་པར་མ་གསུངས་པར། དེ་ལས་ལྡོག་སྟེ་ཆོས་རྣམས་རྟེན་འབྱུང་ཡིན་པའི་དབང་གིས་རང་གི་མཚན་ཉིད་ཀྱིས་ གྲུབ་པས་སྟོང་པ་ཡིན་པར་གསུངས་ཡོད། གཞན་ལ་ལྟོས་པ་དང་མི་ལྟོས་པ་ནི་ཕུང་གསུམ་སེལ་བའི་དངོས་འགལ་ཡིན་ཞིང༌། དེ་གཉིས་ལས་གཅིག་ཤོས་མིན་ན་གཞན་དེ་ཡིན་དགོས་པ་དང༌། གཅིག་ཤོས་ཡིན་པར་གྲུབ་ན་གཞན་དེ་མ་ཡིན་དགོས། དཔེར་ན་ཕུང་གསུམ་སེལ་བའི་དངོས་འགལ་མི་དང་མི་མ་ཡིན་པ་ལ་མཚོན་ན། ཆོས་གང་ཡིན་རུང་མིའམ་མི་མ་ཡིན་པ་གང་རུང་ཡིན་དགོས་ཏེ། གཉིས་ཀ་ཡིན་པ་ཞིག་མེད་ལ། ཕུང་གསུམ་པ་ཞིག་ཀྱང་འཇོག་མི་ཐུབ། དེ་བཞིན་དུ་ལྟོས་པ་དང་མི་ལྟོས་པ་གཉིས་དངོས་འགལ་ཡིན་པས། ཆོས་གང་ཞིག་ལྟོས་པར་འཇོག་པ་དེ་ཉིད་མི་ལྟོས་པ་མ་ཡིན་དགོས། དེ་ལས་གཞན་མི་དང་རྟ་གཉིས་ལྟ་བུ་འགལ་བ་ཡིན་ཡང་ཕུང་གསུམ་སེལ་བའི་དངོས་འགལ་ མིན་པའི་རིགས་ལ་དེ་ལྟར་མི་དགོས།

བློ་ལ་སྟོང་ཉིད་ཇི་ལྟར་སྣང་བའི་ཚུལ་བཤད་པ་ལ། ཐོག་མར་ངེས་པར་དུ་རྣམ་པར་ཤེས་པའི་སྐོར་བཤད་དགོས། རྟོགས་བྱའི་ཡུལ་ཐམས་ཅད་བདེན་པ་གཉིས་ཀྱི་ནང་འདུས་པ་དང༌། ཡུལ་དེ་རྣམས་རྟོགས་པའི་ཤེས་པ་ལ་རིམ་པ་དུ་མ་ཡོད། རྟགས་དང་རྒྱུ་མཚན་ལ་མ་བརྟེན་པར་ཡུལ་མངོན་འགྱུར་རྟོགས་པའི་བློ་རྣམས་ལ་མངོན་ སུམ་དང༌། རྟགས་སམ་རྒྱུ་མཚན་ལ་ལྟོས་པའི་སྒོ་ནས་ཡུལ་མངོན་འགྱུར་མིན་པ་རྟོགས་པའི་བློ་ གཞན་རྣམས་ནི་རྗེས་དཔག་ཡིན།

རྗེས་དཔག་སྐྱེ་བའི་ཆེད་དུ་བཀོད་པའི་རྟགས་སམ་རྒྱུ་མཚན་ལ་མཚོན་ན། སློབ་དཔོན་ཆོས་གྲགས་ཀྱིས་འབྲས་བུའི་རྟགས་དང༌། རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་བཅས་སྡེ་ཚན་གཙོ་བོ་གསུམ་གསུངས། མ་དམིགས་པའི་རྟགས་ལ། མི་སྣང་བའི་མ་དམིགས་པའི་རྟགས་དང༌། སྣང་རུང་མ་དམིགས་པའི་རྟགས་གཉིས་ཡོད། ཕྱི་མའི་ནང་ལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྒྲུབ་པའི་སྒྲུབ་བྱེད་ཆོས་གང་ ཞིག་རང་གི་གདགས་གཞིའི་གསེབ་ནས་སམ། གདགས་གཞི་ལས་ཐ་དད་དུ་མི་རྙེད་པ་ལྟ་བུའི་རིགས་པ་རྣམས་བསྡུས་ཡོད། འདི་ལྟ་བུའི་སྒྲུབ་བྱེད་ཀྱི་རིགས་པ་ལ་བརྟེན་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ པར་རྟོགས་པའི་ཚད་མ་སྐྱེ་ཐུབ་པ་ཡིན།

ཐོག་མར་མཐའ་གཅིག་འཛིན་གྱི་ལོག་རྟོག་ལྡོག་པའི་ཕྱིར་དུ་རྒྱུ་མཚན་དེ་དང་ འབྲེལ་བའི་ཐལ་འགྱུར་བཀོད་དགོས། ཐལ་འགྱུར་བའི་ལུགས་ལྟར་ན། ཐལ་འགྱུར་ཉིད་ཀྱིས་ཀྱང་བསྒྲུབ་བྱ་རྟོགས་པའི་ཚད་མ་བསྐྱེད་ཐུབ། གང་ལྟར་ཡང་སྒྲུབ་བྱེད་དེ་ལྟ་བུ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་སྟེང་གི་རང་གི་ མཚན་ཉིད་ཀྱིས་མ་གྲུབ་པའམ། ཆོས་ཀྱི་གནས་ལུགས་དོན་དམ་བདེན་པ་གཏན་ལ་འབེབས་ཀྱི་ཡོད།

འདི་ལྟར་ངེས་པའི་ཡུལ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ནི། ཆོས་ཐམས་ཅད་དགག་སྒྲུབ་གཉིས་སུ་ཕྱེ་བའི་ནང་ནས་དགག་པ་ཡིན། ཆོས་གང་ཞིག་སྒྲུབ་པའམ་དགག་པ་ཡིན་མིན་ནི། དེ་འཛིན་པའི་རྟོག་པ་ལ་ཇི་ལྟར་སྣང་བའི་སྒོ་ནས་བཞག་པ་ཡིན་གྱི། དེ་དང་དེ་ཞེས་བརྗོད་པའི་ཚིག་ཙམ་གྱི་སྒོ་ནས་བཞག་པ་མིན། དཔེར་ན། སྟོང་པ་ཉིད་ལྟ་བུ་དགག་པ་དང༌། དེ་ཞེས་བརྗོད་པའི་ཚིག་ཀྱང་དགག་ཚིག་ཡིན། དེ་ལྟ་ནའང་ཆོས་ཉིད་ཅེས་པའི་ཚིག་དེ་དགག་ཚིག་མིན་རུང༌། དེའི་དོན་བློ་ལ་ཤར་བ་ན། དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དངོས་སུ་བཀག་སྟེ། ངེས་པར་དགག་པའི་རྣམ་ཅན་དུ་ཤར་དགོས་པས་དགག་པ་ཡིན།

དགག་བྱ་དངོས་སུ་བཀག་པའི་སྒོ་ནས་བློ་ལ་ཤར་བའི་དགག་པ་ལ། དགག་བྱ་དེ་དང་དེ་བཀག་པའི་ཤུལ་དུ་ཆོས་གཞན་འཕེན་པ་དང༌། མི་འཕེན་པ་གཉིས་ཡོད། སྔ་མ་རྣམས་ལ་མ་ཡིན་དགག་དང༌། ཕྱི་མ་རྣམས་ལ་མེད་དག་ཅེས་བརྗོད། སྟོང་ཉིད་དོན་དམ་བདེན་པ་ལྟ་བུ་ལ་མཚོན་ན། དེ་ཉིད་བློ་ཡི་ཡུལ་དུ་སྣང་བའི་ཚེ། དེའི་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་སྟོང་ཙམ་དེ་ཉིད་སྣང་གི །དགག་བྱ་དེ་བཀག་ཤུལ་དུ་ཆོས་གཞན་སྒྲུབ་པ་ཞིག་མི་འཕེན་པས་དོན་དམ་བདེན་པའམ་ སྟོང་པ་ཉིད་ནི་མེད་དགག་ཡིན། དེ་ཡང་མེད་དགག་འདི་ལ་ངེས་པ་གཏིང་ནས་རྙེད་པའི་བློ་དེའི་འཛིན་སྟངས་ཀྱི་ཡུལ་ ནི་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་ཙམ་དེ་ཡིན་ཞེས་པའི་དོན་ཡིན། འཛིན་སྟངས་འདི་ཇི་སྲིད་མ་ཉམས་བར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ སང་ཙམ་སྣང་གི་ཡོད།

མཉམ་གཞག་གི་སྐབས་ལ་མྱོང་བ་འདི་བྱུང་བ་ན། རྗེས་ཐོབ་ཀྱི་གནས་སྐབས་སུ་སྔར་བཞིན་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ སྣང་ཡང༌། སྔར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ངེས་པའི་སྟོབས་ཀྱིས་རང་གི་མཚན་ཉིད་ ཀྱིས་གྲུབ་པ་སྣང་བ་ལྟར་དུ་མ་གྲུབ་པར་སྒྱུ་མ་བཞིན་དུ་སེམས་པའི་ངེས་ཤེས་སྐྱེ། དེར་མ་ཟད་ཆགས་སྡང་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ལ་བརྟེན་ནས་ སྐྱེས་པས་ཆོས་རྣམས་སྣང་གནས་མི་མཐུན་པར་སྒྱུ་མ་བཞིན་དུ་འཛིན་པ་འདིས་མི་འདོད་ པའི་ཉོན་མོངས་ཅན་གྱི་ཤེས་པ་འདི་དག་འགོག་པར་བྱེད། འཛིན་སྟངས་འདི་ཉིད་ཀྱིས་མཐུན་པའི་དགེ་བའི་ཤེས་པ་རྣམས་ལ་ཡང་གྲོགས་བྱེད་དེ། སྤྱིར་འདི་དག་སྐྱེ་བ་ལ་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ ལོག་ཤེས་མི་དགོས་པས་སོ། །

དོན་དམ་བདེན་པ་ལ་བརྟེན་ནས་ཤེས་རབ་སྐྱེ་བ་དང༌། ཀུན་རྫོབ་བདེན་པ་ལ་བརྟེན་ནས་གཞན་ལ་དམིགས་པའི་སྙིང་རྗེ་དང༌། བྱམས་པ་སྒོམ་གྱི་ཡོད། ཤེས་རབ་དང་སྙིང་རྗེ་འདི་གཉིས་ཟུང་འབྲེལ་དུ་ཉམས་སུ་བླང་དགོས་ཤིང༌། དེ་ལྟར་ཉམས་སུ་བླངས་པ་དེ་ནི་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ཡིན།

སྟོང་ཉིད་རྟོགས་པའི་ཤེས་རབ་གོང་འཕེལ་དུ་གཏོང་བ་ལ་ཐོས་པ་དང་བསམ་པ་ལས་ བྱུང་བའི་ཤེས་རབ་རྐྱང་པས་མི་ཆོག་པར། སྒོམ་བྱུང་གི་ཤེས་རབ་ངེས་པར་སྐྱེད་དགོས། དེ་ལྟ་བུའི་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ནི་ཞི་ལྷག་ཟུང་འབྲེལ་ གྱི་ཏིང་ངེ་འཛིན་ཡིན། དེའི་ཐོག་རྒྱུད་ནང་ཤེས་རབ་འདི་གོང་འཕེལ་དུ་གཏོང་བར་ཐབས་ལམ་དམིགས་བསལ་ཅན་མང་ པོ་ཞིག་གསུངས་ཡོད་པ་ལས་གཙོ་བོ་ནི། ཤེས་པ་གཅིག་ལ་ལྷའི་དཀྱིལ་འཁོར་ལ་དམིགས་པ་དང་ལྷན་དུ་དེ་དག་རང་གི་མཚན་ཉིད་ ཀྱིས་མ་གྲུབ་པར་རྟོགས་པའི་ཁྱད་ཆོས་གཉིས་ཚང་ཡོད་པ་དེ་ཡིན། འདི་ཡི་ཚུལ་ལས་བློ་གཅིག་ཉིད་ཀྱི་ནང་དུ་རྒྱ་ཆེ་བ་ལྷ་ཡི་རྣམ་པ་དང༌། ཟབ་པ་དེ་བཞིན་ཉིད་རྟོགས་པ་གཉིས་ཚང་བ་ཡིན།

བློ་གཅིག་གི་ནང་དུ་ཐབས་སྙིང་རྗེ་ཆེན་པོ་དང༌། ཟབ་པའི་ཤེས་རབ་གཉིས་བསྡུས་པའི་སྔགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་ལག་རྗེས་ སམ། འབྲས་བུར་སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་བྱེད་ཅིང༌། དེ་གཉིས་ལས་སངས་རྒྱས་ཀྱི་ཕྱིའི་རྣམ་རོལ་དུ་གྱུར་པའི་གཟུགས་སྐུ་ནི། ཀུན་རྫོབ་བདེན་པ་དང་འབྲེལ་བའི་སྒོ་ནས་ལྷ་ཡི་དཀྱིལ་འཁོར་གསལ་བཏབ་པའི་རྣལ་ འབྱོར་གྱི་ལག་རྗེས་ཡིན་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་ནི། དོན་དམ་བདེན་པའམ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ལག་རྗེས་ཡིན། སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་སྐྱེད་པའི་ནུས་པའི་རྩ་བ་ནི་ད་ལྟ་ང་ཚོ་རང་ རྒྱུད་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ཡིན་ཞིང༌། འདི་ལ་སངས་རྒྱས་ཀྱི་རིགས་ཟེར།། །།

No comments:

Post a Comment

please write here .....