Monday, August 8, 2011

མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་གཏམ་བཤད།

༢༠༡༡ ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །དེ་རིང་འདིར་ཆིབས་སྒྱུར་བསྐྱངས་པའི། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཕྱི་ནང་སྐུ་མགྲོན་རྣམ་པ། ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་གྱིས་དབུས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས་པའི་བཀའ་བློན་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཁག་གི་འགན་འཛིན་དང༌། དྲུང་ཆེ་ཆུང་གིས་དབུས་པའི་གཞུང་ཞབས་རྣམ་པ། དབུས་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་དང༌། མཛའ་བརྩེའི་སློབ་ཕྲུག་དང་མི་མང་རྣམ་པ།
དེ་རིང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ལྷ་ཆོས་ཀྱི་སྣང་བ་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་འདིར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང༌། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཕྲན་གྱིས་གུས་པ་ཆེན་པོས་བཀའ་བློན་ཁྲི་པའི་ལས་འཁུར་དང་ལེན་ཞུ་རྒྱུ་ཡིན།
ང་ཚོས། བོད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། མགོན་སྐྱབས་དང་མེལ་ཚེ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང༌། གུས་པར་བཙན་བྱོལ་བོད་མི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། བཙན་འོག་ཏུ་ཚུད་པའི་བོད་རིགས་སྤུན་ཟླ་ཚོས་ཀྱང་སྨོན་འདུན་དང་འཚམས་འདྲིའི་ལམ་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཆོས་ཕྱོགས་ནས་བྱིན་གྱིས་བརླབས་ཤིང༌། སྲིད་ཕྱོགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་སྒྲིག་འཛུགས་

འདིའི་ཁྲིམས་མཐུན་ངོ་བོ་རྒྱུན་མཐུད་རྒྱུའི་གོ་སྐབས་ཐོབ་པ་ནི། ང་མི་སྒེར་གྱི་བྱས་རྗེས་མ་ཡིན་པར། བོད་གཞིས་བྱེས་གཉིས་ཀྱི་མི་རབས་གོང་མ་ཚོའི་དཀའ་སྤྱད་སྙིང་རུས་དང་བློས་བཏང་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། དེར་བརྟེན། ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་མ་བྱུང་གི་བར། མེས་པོ་གོང་མ་ཚོས་བཞག་པའི་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཡོང་ཐབས་དང༌། ྋགོང་ས་མཆོག་བོད་ནང་ྋཞབས་སོར་འཁོད་ཐུབ་པ་ཡོང་ཆེད་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།
ལོ་བརྒྱའི་གོང༌། ཕྱི་ལོ་ ༡༩༡༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་དང་ཞལ་གྱེས་དགོས་བྱུང་སྐབས། ཕོ་བྲང་པོ་ཏ་ལར་ཞལ་ཕྱོགས་ནས་རང་གི་སྐྱོང་ཡུལ་བོད་འབངས་ཚོར། བྱཕྱིར་ཞབས་སོར་འཁོད་རྒྱུའི་བྱགཡར་དམ་བཞེས་པ་མངོན་འགྱུར་ཡོང་ཆེད། དེ་སྐབས་དེང་དུས་ཀྱི་ཤེས་ཡོན་མེད་ནའང༌། བོད་མི་ཚོས་ཆོད་སེམས་བརྟན་པོའི་སྒོ་ནས་མཉམ་རུབ་ཐོག་ངལ་བ་དུ་མ་ཁྱད་དུ་བསད་ནས་འབད་བརྩོན་ཞུས་པའི་འབྲས་བུར། ཕྱི་ལོ་ ༡༩༡༣ གྱི་ལོ་འགོར། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལྷ་སར་གདན་འདྲེན་ཞུས་པ་དང་བསྟུན། ྋགོང་ས་མཆོག་གིས་བོད་དེ་རྒྱ་ནག་ལས་ཐ་དད་རང་བཙན་ཡིན་པ་བསྐྱར་ནན་གནང༌།
དེ་ནས་བརྩིས་པའི་དུས་རབས་ཕྱེད་ཙམ་རྗེས། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ གྱི་མཚན་མོ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྷ་ས་ནས་ཞལ་གྱེས་དགོས་ཀྱི་གནས་སྟངས་བྱུང་སྐབས། ཐུགས་འཕྲེང་བཞིན་དུ། བྱཕྱིར་ཞབས་སོར་འཁོད་རྒྱུའི་བྱགཡར་དམ་ཡང་བསྐྱར་བཞེས་ཡོད།
དེ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་ྋཞབས་སོར་འཁོད་ཐུབ་པ་ཞུ་རྒྱུའི་ལས་འགན་དེ། དེང་རབས་ཀྱི་ཤེས་ཡོན་ལྡན་པ་ང་ཚོའི་མི་ཐོག་འདིའི་ཕྲག་པར་བབས་ཡོད། འོན་ཀྱང་ང་ཚོས་མེས་པོ་གོང་མ་ཚོ་དང་འདྲ་བར་ཆིག་བསྒྲིལ་ཐོག་ཆོད་སེམས་བརྟན་པོའི་སྒོ་ནས་དཀའ་སྤྱད་སྙིང་རུས་ཐུབ་པ་དགོས་ཤིང༌། དེ་ལྟར་བྱས་ན་རྒྱལ་ཁ་དང༌། གལ་སྲིད་མ་ཐུབ་ན་ཕམ་རྒྱུ་རེད།
ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་ནི་རི་བོ་ཧི་མ་ལ་ཡའི་གཏོས་དང་མཉམ་ཡང༌། ང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོའི་ལྷག་བསམ་སྙིང་སྟོབས་ཀྱི་རྒྱུན་བཟུང་ན། རང་དབང་གི་རི་རྩེར་སླེབས་ཐུབ་ངེས་ཡིན་པ་དང༌། བཙན་དབང་གི་སྒོ་ནས་རི་བོ་ཧི་མ་ལ་ཡའི་ཕྱོགས་གཉིས་སུ་ཁ་གྱེས་དགོས་བྱུང་བའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་མཉམ་འཛོམས་ཡོང་ངེས་ཡིན།
ངས། དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ྋགོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། འདི་ལོ། འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་མཇུག་བསྒྲིལ་བ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ང་ཚོ་མིང་དོན་མཚུངས་པའི་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུ་དང༌། ཡོངས་ཁྱབ་འགྲོ་བ་མིའི་རང་དབང་གི་ལྟ་གྲུབ་ལ་བརྩི་བཀུར་ཞུ་རྒྱུའི་ཆོད་སེམས་ཇི་ཙམ་བརྟན་པོ་ཡོད་པ་གསལ་སྟོན་ཐུབ་པར་མ་ཟད། བོད་མིའི་གོང་བུ་ཆིག་བསྒྲིལ་གྱི་ནུས་པ་འདི་ཕོ་མོ་རྒན་གཞོན་དང་ཆོས་ལུགས་ལུང་ཚན་ཀྱི་དབྱེ་བ་མེད་པར་མང་གཙོའི་ལྟ་གྲུབ་ལ་གཞི་རྩ་བཅོལ་བ་ཞིག་ཡིན་པ་གསལ་པོ་ཆགས་ཡོད།
འོས་བསྡུའི་གྲུབ་འབྲས་འདིས། རྒྱ་ནག་གི་འགོ་ཁྲིད་མཁྲེགས་འཛིན་ཅན་ཚོར་མི་རབས་གསར་རྙིང་དབར་གྱི་བོད་མིའི་འགོ་ཁྲིད་འཕོ་འགྱུར་གྱི་དབང་གིས། བོད་དོན་ཉམས་ཉེས་འགྲོ་རྒྱུའི་ཚབ་ཏུ་མུ་མཐུད་སྔར་བས་ནུས་སྟོབས་ཆེ་རུ་འགྲོ་བཞིན་པའི་བརྡ་ལན་གསལ་པོ་འཕྲོད་དགོས་ངེས་རེད།
ངས་གསལ་འདེབས་ཞུ་རྒྱུ་ཞིག་ལ། ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་མང་ངམ་རྒྱ་ནག་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པ་ཞིག་མ་ཡིན་པར། རྒྱ་ནག་དབང་འཛིན་པས་བོད་ནང་ལག་བསྟར་བྱས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་ལ་ངོ་རྒོལ་བྱེད་ཆེད་ཡིན། ང་ཚོས་རང་དབང་དང༌། དྲང་བདེན། ཆེ་མཐོང༌། དེ་བཞིན་བོད་མིའི་ངོས་འཛིན་བཅས་ཀྱི་ཆེད་འཐབ་རྩོད་བྱེད་ཀྱི་ཡོད། བོད་མིའི་དཀའ་སྡུག་འདི་དག་དངོས་དོན་ཡིན་པ་དང༌། རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཡིན་པ་རྒྱ་ནག་གི་དབང་འཛིན་པ་དང་རྒྱ་རིགས་གྲོགས་པོ་ཚོས་ཤེས་རྟོགས་ཐུབ་པ་དགོས།
བོད་རིགས་སྤུན་ཟླ་ཚོ། ལོ་ཆིག་སྟོང་བརྒལ་བའི་གོང་དུ་ང་ཚོའི་མེས་པོ་ཚོས། བྱབྱརྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།བྱབྱ ཅེས་པའི་མནའ་སྐྱེལ་ཐོ་བཙུགས་གནང་བའི་དམ་བཅའ། བསྐྱར་ནན་དུ་བརྗོད་འདོད་ཡོད།
ཕྱི་ལོ་ ༡༩༥༠ ང་གྲངས་ནང་རྒྱ་དམག་བོད་དུ་ཐོག་མར་འབྱོར་སྐབས། བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད། དེ་སྐབས། བོད་མི་ཁ་ཤས་ཀྱིས། རྒྱ་ནག་ནས་བོད་དབར་གཞུང་ལམ་བཟོ་རྒྱུར་མཐུན་འགྱུར་བྱས་པ་དང༌། གླ་ཆར་དངུལ་རྡ་ཡང་སྤྲད་ཡོད་པ་རེད། དེ་དུས་ཕྱི་ཚུལ་ལ་རྒྱ་དམག་རྣམས་ཀུན་སྤྱོད་གཙང་ལ། ཡ་རབས་ཀྱི་རྣམ་པ་ལྡན་ཡང༌། གཞུང་ལམ་བཟོས་ཚར་བ་དང༌། བོད་ས་ཡོངས་རྫོགས་དམག་གིས་མཐའ་བསྐོར་ཏེ། ཨ་སྒོར་ས་ཡ་མང་པོའི་རིན་ཐང་ལྡན་པའི་ཤིང་ནགས་དང༌། གསེར་ཟངས་ཀྱི་གཏེར་ཁ་རྣམས་གང་བྱུང་བསྔོག་འདོན་བྱེད་འགོ་ཚུགས་པ་རེད། དེ་འཕྲལ་རྒྱ་དམག་གི་གཤིས་ཀ་འགྱུར་ནས་རྩུབ་སྤྱོད་ཀྱིས་བོད་བཙན་བཟུང་དང༌། བོད་མིའི་ཐོག་གོ་མཚོན་བེད་སྤྱད་ནས་གཏོར་རྒོལ་གྱི་དམག་འཁྲུག་བསླངས་པ་རེད།
དུས་དེ་ནས་བཟུང༌། བོད་ནང་ཞི་བདེ་ལྷིང་འཇགས་ཀྱི་དུས་སྐབས་མཇུག་བསྒྲིལ་བ་དང་སྦྲགས། བོད་མི་རྣམས་རང་གི་ལུང་པའི་ནང་གྲལ་རིམ་གཉིས་པ་ལྟ་བུར་གྱུར་ཡོད།
ད་ལྟའི་ཆར་བཙན་གནོན་འོག བོད་ཁུལ་ཡོངས་ལ་ཆབ་སྲིད་ཀྱི་དམ་དྲག་དང༌། རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་སོགས་བཏང་དང་གཏོང་བཞིན་པ་དེ་དག་ང་ཚོས་ནམ་ཡང་ངོས་ལེན་ཐུབ་ཐབས་མེད། མེ་འཁོར་ལྕགས་ལམ་བཟོས་པའི་དབང་གིས་བོད་ཀྱི་གཏེར་ཁ་བསྔོག་འདོན་བྱེད་ཤུགས་ཆེ་རུ་སོང་བ་དང༌། བོད་ནང་རྒྱ་རིགས་མི་འབོར་སྤོ་ཞུགས་ཆེ་རུ་ཕྱིན་པར་བརྟེན། བོད་མིའི་རིག་གཞུང་དང་ངོ་བོ་ཉམས་རྒུད་འགྲོ་བཞིན་ཡོད། ད་ལྟའི་དངོས་ཡོད་གནས་སྟངས་ནི། བོད་ནང་བརྒྱ་ཆ་བདུན་ཅུར་ཉེ་བའི་སྒེར་གྱི་བཟོ་ཚོང་སྡེ་ཚན་ཁག་རྒྱ་མིར་དབང་བའམ་ཁོང་ཚོས་བཟུང་ཡོད། དེ་བཞིན་ས་གནས་དམར་ཤོག་ཚོགས་པའི་ལས་བྱེད་བརྒྱ་ཆ་ལྔ་བཅུ་ལྷག་རྒྱ་རིགས་དང༌། རོབ་རྩིས་བྱས་ན་མཐོ་རིམ་སློབ་འབྲིང་དང་གཙུག་ལག་སློབ་གྲྭ་ཐོན་པའི་བོད་རིགས་བརྒྱ་ཆ་བཞི་བཅུ་ཙམ་ལས་མེད་ཆགས་ཡོད། ད་དུང་དེས་མ་ཚད་རྒྱ་ནག་དབང་འཛིན་པ་ཚོས། བོད་དེ་ཁོང་ཚོའི་སྒེར་བདག་ཕ་གཞིས་སུ་བརྩིས་ནས་ཞིང་བྲན་བདག་པོ་ལྟ་བུའི་སྤྱོད་ཚུལ་བཟུང་གི་ཡོད།
འདས་པའི་ལོ་གསུམ་གྱི་གོང་སྟེ། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་སྲིད་བྱུས་མཁྲེགས་བཟུང་བྱས་པའི་དབང་གིས་བོད་ས་སྟོད་སྨད་བར་གསུམ་ཡོངས་ཀྱིས། རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་མ་བྱེད་ཀ་མེད་བྱུང་བ་དང༌། བོད་མི་ཚོས་ཁ་གྲགས་ཀྱི་ཐོག་ནས་ྋགོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཡོད། ཞི་བའི་སྒོ་ནས་རང་གི་བསམ་ཚུལ་བརྗོད་པ་ཙམ་ལའང་ཉེས་རྡུང་ཚབས་ཆེ་གཏོང་བ་ཤེས་རྟོགས་ཡོད་པའི་ཆ་ནས་བོད་ནང་ངོ་རྒོལ་སྐད་འབོད་བྱེད་རྒྱུར་ང་ཚོས་སྐུལ་སློང་བྱེད་ཀྱི་མེད། འོན་ཀྱང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བདེན་རྒྱབ་བྱ་རྒྱུ་དང༌། བདེ་སྡུག་ཤོད་དབང་མེད་པ་ཚོའི་མགྲིན་ཚབ་པ་བྱེད་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཞིག་ཡིན་པས། མུ་མཐུད་ཁོང་ཚོའི་བདེ་སྡུག་བརྒྱུད་བསྒྲགས་བྱ་རྒྱུ་ཡིན།
ལོ་དྲུག་ཅུའི་རྗེས་སུའང༌། རྒྱ་ནག་དབང་འཛིན་པས་ཁས་ལེན་བྱས་པ་ལྟར་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་ཐུབ་མེད། སྤྱི་ཚོགས་རིང་ལུགས་ཀྱི་ཚབ་ཏུ་མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་དང༌། ལྷ་ཡུལ་གྱི་ཚབ་ཏུ་གོད་ཆག་ནང་ལྷུང་བའི་གནས་སྟངས་རྒྱ་ནག་གཞུང་གིས་ཀྱང་ཤེས་དགོས་ངེས་རེད། ཉེ་སྔོན་ལྷ་སར་བྱབྱབོད་ཞི་བས་བཅིངས་འགྲོལ་བྱབྱཟེར་བ་བཏང་ནས། ལོ་དྲུག་ཅུ་འཁོར་བའི་དུས་དྲན་མཛད་སྒོ་བྱས་པའི་སྐབས། ཆེས་མཐོའི་འགོ་ཁྲིད་མང་པོ་ཕེབས་ཡོད་ཀྱང༌། ཕྱི་ཚུལ་ལ་དུས་དྲན་བྱས་པ་ཙམ་ལས། དོན་དངོས་ཐོག་སྐབས་དེར་ཡུལ་སྐོར་སྤྲོ་འཆམ་པ་ཚུན་བཀག་འགོག་བྱས་པ་དང༌། ལྷ་སའི་སྲང་ལམ་གང་སར་གོ་མཚོན་ཐོགས་པའི་དམག་དཔུང་འགྲེམས་འཇོག་དང༌། ཁང་པའི་སྟེང་ནས་མེ་མདའི་སོ་ཁ་བཙུགས་ཏེ་བསྡད་པ་བཅས། ཡོངས་བསྒྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞིའི་འོག་མཛད་སྒོ་དེ་གཉེར་ཡོད། དེ་ལ་གཞིགས་ན། པེ་ཅིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ཁུངས་འཁྱོལ་གྱི་མེད་པ་གསལ་པོ་རེད།
བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་མིན་ལ་མ་ལྟོས་པར། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་སྐྱོང་བྱེད་རྒྱུ་འཛམ་གླིང་ཡོངས་དང༌། ལྷག་པར་རྒྱ་རིགས་ཚོར་གསལ་པོ་བརྗོད་རྒྱུ་ཡིན། བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་ཆགས་འཚོལ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ན། ས་གནས་དང་དུས་ཚོད་གང་འདྲ་ཞིག་ཏུ་ཡིན་ནའང་རྒྱ་གཞུང་དང་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡོད།
དེང་སྐབས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་རེ་བྱེད་པ་དང༌། དམག་ཤུགས་རྒྱབ་རྟེན་བྱས་ཏེ་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་ཡོད། འོན་ཀྱང་བཟང་སྤྱོད་ཀྱིས་ཕོངས་ཏེ་ཡོད། བཟང་སྤྱོད་ནི་ཁྲོམ་ནས་ཉོ་རྒྱུ་མེད་ལ། དམག་ཤུགས་ཀྱིས་བསྐྲུན་ཐབས་དེ་བས་ཀྱང་མེད་པར། དོན་དངོས་བྱ་སྤྱོད་ཀྱི་ཐོག་ནས་ཡོང་བ་བྱེད་དགོས། ཇི་སྲིད་བོད་མིའི་ཐོག་དྲག་གནོན་བྱས་པ་དེ་སྲིད་དུ་ངོ་རྒོལ་མུ་མཐུད་ཡོང་རྒྱུ་ལས། གུས་བཀུར་དང་ཆེ་མཐོང་ཐོབ་མི་སྲིད། བོད་དོན་ཐད་ཕུགས་བརྟན་འཁེལ་བའི་ཐབས་ལམ་ཞིག་འཚོལ་ཐུབ་ན། དེས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཆེ་མཐོང་དང་ཡིད་ཆེས་ཡོང་བར་ཕན་ཐོགས་ཡོང་རྒྱུར་མ་ཟད། རྒྱ་ནག་གི་ཆིག་བསྒྲིལ་དང་བདག་དབང་སྲུང་སྐྱོབ་ལའང་ཕན་ཐོགས་ཡོང་རྒྱུ་ཡིན། རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་མི་མང་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་རྒྱ་རིགས་ཚོ་ལ། བཟང་སྤྱོད་ཀྱིས་ཕོངས་པའི་ཞན་ཆ་ཁ་གསབ་བྱ་རྒྱུར་དོན་ཕན་ལྡན་པའི་ནུས་པ་འདོན་རྒྱུའི་གོ་སྐབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ངས་ལོ་བཅུ་དྲུག་ཙམ་རིང་ཧར་ཝཊ་གཙུག་ལག་སློབ་ཁང་དུ་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་དང་མཉམ་དུ་འབྲེལ་བ་བྱེད་མྱོང་ལ། བོད་དོན་སྐོར་རྒྱ་བོད་མཁས་པའི་ཚོགས་འདུ་ཡང་གོ་སྒྲིག་བྱས་པ་ཡིན། ང་ཚོས་མུ་མཐུད་རྒྱ་རིགས་དང་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཡོང་བའི་འབྲེལ་ལམ་འཛུགས་འདོད་ཡོད། ཨ་རི་དང༌། ཡུ་རོབ་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། དྲང་བདེན་དང༌། རང་དབང༌། འདྲ་མཉམ་བཅས་ཀྱི་ཆེད་མུ་མཐུད་རྒྱབ་སྐྱོར་ཡོང་བ་དང༌། པེ་ཅིང་གཞུང་ལའང་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་ཐབས་བྱེད་དགོས་པའི་བསྐུལ་ལྕག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་དོན་འགྲིག་ཆགས་བྱུང་བ་ཡིན་ན། དེ་ནི་དུས་རབས་ཉེར་གཅིག་པའི་རྨད་དུ་བྱུང་བའི་ལོ་རྒྱུས་ཤིག་ཏུ་འགྱུར་རྒྱུ་དང༌། འཛམ་གླིང་ནང་ཞི་བདེ་དང༌། རང་དབང༌། འཚེ་མེད་ཞི་བའི་ནུས་སྟོབས་བཅས་ལ་ངེས་ཤེས་བསྐྱར་མ་རྙེད་རྒྱུ། དེ་ནི་ང་ཚོ་བོད་རིགས་ཙམ་དུ་མ་ཟད། འཛམ་གླིང་ཐོག་གཉའ་གནོན་མྱོང་བཞིན་ཡོད་པའི་མི་རིགས་ཡོངས་ཀྱི་རྒྱལ་ཁ་ཞིག་ཀྱང་ཡིན།
བོད་དོན་འགྲིག་ཆགས་གང་མྱུར་ཡོང་ཐབས་བྱེད་རྒྱུ་དེ། ཨེ་ཤི་ཡ་གླིང་ཕྲན་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད། བོད་མི་རིགས་ནི་ལོ་སྟོང་ཕྲག་མང་པོའི་རིང༌། མི་འབོར་དུང་ཕྱུར་ཉི་ཤུ་ལྷག་གི་འཚོ་བ་དང་འབྲེལ་བ་ཡོད་པའི་ཨེ་ཤི་ཡའི་གཙང་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཆགས་ཡོད་ནའང༌། བོད་ནང་རྒྱ་ནག་གིས་ཆུ་རག་གང་བྱུང་བརྒྱབས་པའི་དབང་གིས་མི་ས་ཡ་མང་པོའི་འཚོ་བར་དོ་ཕོག་ཐེབས་གཞིར་སོང༌། བོད་མི་ཚོས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པའི་གནས་བབ་ཅིག་ཡོང་ཐབས་སུ། མི་མང་པོས་དོ་སྣང་ཤུགས་ཆེ་བྱེད་ཀྱི་ཡོད། དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་པར། མང་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།
རྒྱ་གར་གཞུང་དང་མི་མང་གི་ངོས་ནས་འདས་པའི་ལོ་ལྔ་བཅུ་ལྷག་རིང༌། ང་ཚོར་སྐྱབས་བཅོལ་གྱི་གནས་བབས་གནང་བ་དང༌། གནས་ཚང་གཡར་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌། ང་ཚོ་འདིར་གནས་སྡོད་བྱེད་མཁན་ཚོར་མཚོན་ན་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཕགས་བོད་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་མུ་མཐུད་གོང་འཕེལ་གཏོང་རྒྱུ་ཡིན། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ནི་ནམ་ཡང་གཞལ་དཀའ་བར་གྱུར་ཟིན་ནའང༌། ང་ཚོར་མུ་མཐུད་རྒྱབ་སྐྱོར་ཡོང་བ་དང༌། བོད་ཀྱི་གནད་དོན་དེ། རྒྱ་དཀར་ནག་གཉིས་དབར་གྱི་གནད་དོན་གཙོ་བོའི་གྲས་སུ་ཚུད་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོས། འབྱུང་འགྱུར་ལོ་ལྔའི་རིང་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་ལ་བརྟེན་ནས། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ད་དུང་ལོ་ལྔ་བཅུ་བྱེད་དགོས་བྱུང་ཡང་སྲ་བརྟན་རྒྱུན་གནས་ཐུབ་པ་དང༌། གཞིས་བཞུགས་བོད་མིའི་སེམས་ཤུགས་གོང་དུ་འཕེལ་བ་དང༌། གདུང་སེམས་མཉམ་བསྐྱེད་མཚོན་ཆེད། བོད་ཕྱི་ནང་གཉིས་ཀས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལྷག་དཀར་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་མཉམ་རུབ་ཀྱི་སྒོ་ནས་འཛམ་གླིང་གང་སར་ཁ་གྲམ་སྟེ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་སུ། འགུལ་ཤུགས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་བྱེད་དགོས།
ང་ཚོས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་འབྱུང་འགྱུར་ལོ་ཉི་ཤུའི་ནང༌། བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་ནང་ནས་ཁྱད་ལས་པ་ཆིག་ཁྲི་ཐོན་ཐུབ་པའི་དམིགས་ཚད་བཟུང་རྒྱུ་དང༌། བོད་ནང་ཁྱད་ལས་པ་ཆིག་འབུམ་ཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཁོང་ཚོ་ནི་མ་འོངས་པར་བོད་ལ་འོད་སྣང་སྦྱིན་མཁན་གྱི་སྒྲོན་མེ་ལྟ་བུ་ཡིན།
དེ་བཞིན་འཛིན་སྐྱོང་ནང་ཁྱད་ལས་མི་སྣ་གསོ་སྐྱོང་ཐུབ་ཐབས་དང༌། འཕྲུལ་རིག་ལག་རྩལ་དང༌། སྤྱི་ཚོགས་འབྲེལ་གཏུགས་ཀྱི་བརྒྱུད་ལམ་ཁག་བེད་སྤྱད་པའི་སྒོ་ནས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་དང༌། མང་ཚོགས་མཉམ་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་ཚོའི་དབར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ། བོད་ཀྱི་མཉམ་སྡེབ། ཅེས་པ་བཙུགས་པའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ཚོའི་ནུས་པ་འགུག་ཐབས་བྱེད་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བཅས་བྱེད་རྒྱུ་ཡིན།
ངས། མཁས་དབང་ཟམ་གདོང་རིན་པོ་ཆེས་འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དབུ་ཁྲིད་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་དང༌། འཛིན་སྐྱོང་གསར་རྙིང་འཕོ་འགྱུར་ལམ་ལྷོང་ཡོང་ཆེད། ཁོང་དང་ཕྱག་རོགས་བཀའ་བློན་རྣམ་པས་མཛའ་བརྩེའི་སྣེ་ལེན་དང༌། མཐུན་འགྱུར་རོགས་རམ་གནད་སྨིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཀྱང་མུ་མཐུད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་དང༌། བཀུར་འོས་སྤྱི་འཐུས་རྣམ་པར་མཐུན་འགྱུར་མཉམ་ལས་ཆ་ཚང་ཞུ་རྒྱུ་ཡིན་ཞིང༌། ལས་དོན་འདི་དག་ལམ་ལྷོང་ཡོང་ཆེད་ལྷག་བསམ་དང་ཤེས་འཇོན་ལྡན་པའི་སྲི་ཞུ་བ་ཚོ་དང༌། མང་ཚོགས་མཉམ་དུ་འཁྲིད་རྒྱུ་ཡིན།
མཐའ་བསྡོམས་སུ། ད་རེས་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྣམས་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ལས། བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་སྤྲོད་གནང་བ་མིན་པའི་དངོས་དོན་དྲན་བསྐུལ་ཞུ་རྒྱུ་ཡིན། ྋགོང་ས་མཆོག་གིས་བོད་མི་མང་ལ་ཐུགས་བློས་བྱིངས་འགེལ་དང་སྦྲགས། འདས་པའི་མི་ལོ་ལྔ་བཅུའི་རིང་མང་གཙོའི་སྒྲིག་འཛུགས་ཀྱི་འཕེལ་རིམ་ཡོངས་སུ་རྫོགས་ཐབས་གནང་བ་ལྟར། ད་ཆ་ྋགོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་གནང་མི་དགོས་པར་བོད་མི་རྣམས་རང་རྐྱ་འཕེར་བའི་སྒོ་ནས་རང་གི་རྐང་པའི་ཐོག་ལངས་ཐུབ་པ་བྱེད་རྒྱུའི་དུས་སྐབས་ཤིག་གནང་ཡོད། དེ་ནི་ང་ཚོ་ཚང་མའི་ནུས་པར་ཚོད་བགམ་ཞིག་ཡིན་ཞིང༌། ཁྱད་པར་ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་ཀྱི་འགོ་ཁྲིད་རྣམས་ནས་ྋགོང་ས་མཆོག་གི་ཐུགས་རེ་ལྟར། ནུས་ཤུགས་ཟོང་ཁ་ཆིག་བསྒྲིལ་གྱིས། ལས་དོན་ཚགས་ཚུད་ཐུབ་པ་བྱེད་དགོས། དེ་ནི་ང་ཚོས་ངེས་པར་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་དང༌། གོ་སྐབས་ཤིག་ཀྱང་ཡིན།
ལྷག་དོན་གཞོན་སྐྱེས་ཚོར་དམིགས་བཀར་ཛ་དྲག་གི་བསྐུལ་མ་ཞུ་རྒྱུར། ང་ཚོ་གདེང་སྤོབས་ཆེན་པོས་རང་དབང་གི་ཕྱོགས་སུ་མུ་མཐུད་མདུན་བསྐྱོད་བྱེད་པར། ཁྱེད་ཚོའི་རྒྱབ་སྐྱོར་དང༌། ཁྱེད་ཚོའི་ཤེད་ཤུགས། ཁྱེད་ཚོའི་འཇོན་ཐང་བཅས་ཀྱི་རྒྱབ་རྟེན་དགོས་ཀྱི་ཡོད། ང་ཚོས་ཤེས་དགོས་པར། བོད་མིའི་རང་དབང་འཐབ་རྩོད་ལ་རྒྱལ་ཕམ་ཇི་བྱུང་ང་ཚོའི་མི་ཐོག་འདིར་རག་ལུས་ཡོད། བོད་དེ་འཛམ་གླིང་ས་ཁྲའི་ནང་གནས་མིན་དང༌། བོད་རིགས་རྣམས་མུ་མཐུད་འཚོ་གནས་ཐུབ་དང༌། ཡང་ན་འགྲེམས་སྟོན་ཁང་གི་ཡོ་ཆས་ལྟ་བུར་བསྒྱུར་རྒྱུའི་མཚམས་སུ་སླེབས་ཡོད། ང་ཚོའི་ཤེས་འཇོན་དང༌། སྙིང་སྟོབས། ཆོད་སེམས་ཇི་ཙམ་བརྟན་པོ་ཡོད་མེད། དངོས་གནས་ཚོད་བགམ་བྱེད་པའི་དུས་ཚོད་ཅིག་ཡིན།
ད་ལྟའི་དུས་སྐབས་འདི་ཕན་ཚུན་སྐྱོན་བརྗོད་དང༌། འཇིགས་ཞུམ་བྱེད་པའི་དུས་ཚོད་མ་ཡིན་པར། སྙིང་སྟོབས་དང་ཆོད་སེམས་བརྟན་པོས་རང་ཉིད་བོད་པ་ཡིན་པའི་སྤོབས་པ་གཟེངས་སུ་བསྟོད་ནས། ང་ཚོས་བྱེད་ཐུབ་སྙམ་པའི་གདེང་ཚོད་ཡོད་དགོས་པ་དང༌། མི་རབས་གཞོན་པ་ཚོས། ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀའི་ནང་འགོ་ཁྲིད་ཀྱི་ཆ་ཤས་མང་ཙམ་བླང་རྒྱུའི་དུས་ལ་བབས་ཡོད། ཚང་མས་ཤེས་དགོས་པ་ཞིག་ལ། བྱ་བ་འདི་ང་ཚོས་མ་བྱས་ན་གཞན་སུས་ཀྱང་བྱེད་ཀྱི་མ་རེད།
བོད་རིགས་སྤུན་ཟླ་ཚོ། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་ལ་ཕྱིར་ྋཞབས་སོར་བདེ་འཁོད་བྱུང་བ་ལྟར། ང་ཚོར་ཡང་ཉི་མ་གཅིག་དེ་ལྟར་གོ་སྐབས་ཡོང་རྒྱུ་ངེས་པ་ཡིན། གལ་ཏེ་ང་ཚོས་མེས་པོ་གོང་མ་ཚོ་ལྟར་ཆིག་བསྒྲིལ་གྱི་སྒོ་ནས་གོ་སྐབས་དམ་འཛིན་བྱེད་མ་ཐུབ་ན་ང་ཚོ་ཕམ་རྒྱུ་ཡིན། ཆིག་བསྒྲིལ་ནི། ནམ་ཡང་འདོར་ཐབས་མེད་པའི་རྩ་དོན་དང༌། ང་ཚོའི་འཐབ་རྩོད་ཀྱི་རྨང་གཞི་ཡིན། ཆིག་བསྒྲིལ་ལ་འཐུས་ཤོར་བྱུང་ན། དེའི་ལེ་ཁག་ང་ཚོར་ཡོད་པས། ང་ཚོར་རེ་བའི་མིག་འབུར་ལྟ་བཞིན་པའི་གཞིས་བཞུགས་རྒྱ་ཆེའི་བོད་མི་རྣམས་ཐུགས་ཕམ་མི་ཡོང་བ་གནང་དགོས། ད་ནས་བཟུང་ང་ཚོས་གོམ་སྟབས་ག་འདྲ་ཞིག་སྤོས་ནའང་གཞིས་བཞུགས་བོད་མི་ཚོས་ཞིབ་ཚགས་པོའི་སྒོ་ནས་གཟིགས་ཏེ་བཞུགས་ཡོད་པ་མཁྱེན་དགོས། དགའ་འོས་པ་ཞིག་ལ་ང་ཚོར་ལམ་སྟོན་གནང་མཁན་ྋགོང་ས་མཆོག་གསེར་ཞལ་འཚོ་བཞུགས་ཡོད་པ་འདི། ཧ་ཅང་སྐལ་བ་བཟང་པོ་ཡིན།
བཀའ་ཁྲི་འོས་ཐོན་པའི་མིང་ཐོག་ནས། ྋགོང་ས་མཆོག་གི་མཇལ་ཞུར་ཐེངས་དང་པོ་བཅར་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༩༢ ལོར་གུས་པ་ཐོག་མར་མཇལ་ཞུར་བཅར་སྐབས་ཀྱི་ས་ཆ་ཡང་གནས་དེ་རང་ཡིན་ཞེས། དྲན་སྐུལ་མཛད་པ་དང་སྦྲགས། བཀའ་ཁྲིའི་ལས་ཡུན་ཡག་པོ་ཡོང་བའི་ཐུགས་རེ་གནང་བ་ལྟར། ཐུགས་བཞེད་མངོན་འགྱུར་ཡོང་བ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འོན་ཀྱང་དེ་སྒྲུབ་པར་ང་མི་གཅིག་ཁོ་ནས་ཡོང་ཐབས་མེད་པར་བརྟེན། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་གང་གིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ གྱི་མཚན་མོ་རང་གི་སྐྱོང་ཡུལ་བོད་ལ་ྋཞབས་སོར་བདེ་འཁོད་མཛད་རྒྱུའི་གཡར་དམ་བཞེས་པ་དེ་མངོན་འགྱུར་ཐུབ་ཆེད། བོད་མི་ས་ཡ་དྲུག་གིས་ཕྲན་ལ་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན།      གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམ་པར་ང་ཚོ་མགྱོགས་མྱུར་མཉམ་འཛོམས་ཡོང་གི་རེད། ཅེས་ཆེད་མངགས་ཞུ་འདོད་བྱུང༌། ང་རང་བོད་ལ་འགྲོ་མ་བཅུག་རུང་ངའི་སེམས་པ་ག་དུས་ཡིན་ནའང་བོད་དང་མཉམ་དུ་ཡོད་མུས་སུ་མ་ཟད། རང་ཉིད་བོད་མི་ཞིག་ཏུ་སྐྱེས་པར་ཡང་དགའ་སྤོབས་ཡོད་ལ། བོད་མི་རང་བྱས་ཏེ་འཆི་རྒྱུར་ཡང་དེ་བཞིན་ཡིན་པས། ཇི་སྲིད་འཚོ་བའི་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོའི་ཕ་མ་མང་ཆེ་བ་དང་འདྲ་བར་ངའི་སྐྱེད་བྱེད་དམ་པ་དེ་ཡང༌། བོད་ལ་ལོག་ཕེབས་རྒྱུ་བྱུང་མེད། འོན་ཀྱང་བོད་མི་ཚང་མའི་ལོ་རྒྱུས་དེ་མཚུངས་ཆགས་ཀྱི་མ་རེད། ང་ཚོས་མཉམ་རུབ་ཐོག་བོད་ནང་རང་དབང་གི་གནས་བབ་བསྐྱར་གསོ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་གི་གདུལ་ཞིང་དུ་གདན་ཞུ། གཞིས་བྱེས་མཉམ་འཛོམས་བཅས་ཀྱི་སྐལ་བཟང་ཉི་མ་ཤར་ངེས་རེད།
དེ་རིང་ང་ཚོ། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྒྱ་གར་འཕགས་པའི་ཡུལ་དུ་གནས་ཡོད་ཀྱང༌། རྗེས་མ་ང་ཚོ་སངས་རྒྱས་ཀྱི་ཆོས་ས་དར་རྡོ་དར་དུ་འགྱུར་ཡུལ། གངས་ལྗོངས་ཆོས་ཀྱི་ཞིང་དུ་མཉམ་འཛོམས་ཡོང་རྒྱུ་རེད། ང་ཚོ་ྋགོང་ས་མཆོག་གི་ད་ལྟའི་བཞུགས་སྒར་དང༌། ཆོས་ཀྱི་མགྲོན་ཁང་དྷ་རམ་ས་ལ་ནས། གང་གི་གདུལ་ཞིང་དང་ལྷ་དང་བླ་མའི་གདན་ས། ལྷ་ལྡན་གྲོང་ཁྱེར་ཆེན་པོ་བར། ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་འགོ་འཛུགས་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད།
འདི་ནི་ང་ཚོའི་མངོན་འདོད་ཡིན་ལ། འཐབ་རྩོད་དང་ཆོད་སེམས་ཀྱང་ཡིན་པས། ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུ་དེ། བོད་མི་ས་ཡ་དྲུག་གི་གཞི་རྩའི་ལམ་སྟོན་དུ་བཟུང་ན། ང་ཚོར་རྒྱལ་ཁ་ཐོབ་ངེས་ཡིན། ྋགོང་ས་མཆོག་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཤུགས་དྲག་པོ་དང་བཅས། བོད་རྒྱལ་ལོ།། །།

No comments:

Post a Comment

please write here .....