Wednesday, June 8, 2011

ཁམས་ཉག་རོང་རྫོང་ཐོག་ཏུ་ན་གཞོན་བཞིས་ཞི་བའི་སྐད་འབོད་བྱས་པ།


༢༠༡༡ ཟླ་ ༦ ཚེས་ ༧ རེས་གཟའ་མིག་དམར།
བོད་གཞུང་དྲ་གནས་ལས་དྲངས་། ༄༅།  །འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ཉིན་ཁུངས་ལྡན་གནས་ཚུལ་དང་བརྙན་དཔར་ལག་སོན་བྱུང་བ་ལྟར་ན།  ཕྱི་ལོ་ ༢༠༡༠  ཟླ་ ༤ ཚེས་ ༨ ཉིན་ཁམས་ཉག་རོང་གུ་རུ་དགོན་པའི་གྲྭ་རང་ལོ་ ༢༢ སོན་པ་ཨ་ཕོ་་བཀྲིས་དང་།  རང་ལོ་ ༡༩ སོན་པ་ཚེ་རིང་རྒྱལ་མཚན།  རང་ལོ་ ༢༢ སོན་པ་གྲྭ་ཚེ་རིང་དབང་ཕྱུག  གཞན་བྱམས་འབྱོར་དགོན་པའི་གྲྭ་རིག་འཛིན་རྡོ་རྗེ་བཅས་དགེ་འདུན་པ་བཞིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཉག་རོང་རྫོང་ཐོག་ཏུ་སྦྱར་ཡིག་འགྲེམས་གཏོར་དང་འབྲེལ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་རང་བཙན་ཡིན།  ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་བརྗོད་པ་་སོགས་ཀྱི་ཞི་བའི་འབོད་ཚིག་སྒྲོགས་ཏེ་བོད་ཀྱི་རྒྱལ་དར་འཕྱར་བཞིན་ཉག་རོང་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་་སྐར་མ་ཁ་ཤས་བྱས་རྗེས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱེད་པར་ཡོང་སྐབས་མང་ཚོགས་ནས་བཀག་འགོག་དང་སྲུང་སྐྱོབ་འོག་དགེ་འདུན་པ་གསུམ་སྦག་སྦག་བཞོན་ནས་ཉེན་གཡོལ་གྱིས་འཛིན་བཟུང་ཐུབ་མེད་ཀྱང་།
ཞི་བའི་སྐད་འབོད་སྐབས་དཔར་ལེན་བྱེད་མཁན་གྱི་དགེ་འདུན་པ་ཞིག་སྦག་སྦག་སྐྱོན་ཤོར་ནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད།  འཛིན་བཟུང་བྱས་པའི་དགེ་འདུན་པ་དེའི་གནས་སྟངས་དང་གཞན་ཉེན་གཡོལ་དུ་ཕྱིན་པའི་དགེ་འདུན་པ་གསུམ་གྱི་གནས་སྟངས་ད་ལྟའི་ཆར་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་མ་ཟད། ཁོང་རྣམས་ད་ལྟ་འཆི་གསོན་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།
ཁམས་ཉག་རོང་རྫོང་ནི་དེང་སྐབས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་ཡོད་པ་དང་།  ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་ལྟར།  ཉག་རོང་རྫོང་ཉག་སྨད་ཁུལ་གྱི་གྲོང་ཚོ་ཁག་གཅིག་ནང་རྒྱ་ནག་གཞུང་ནས་རྒྱལ་གཅེས་སློབ་གསོ་སྤེལ་སྐབས་མང་ཚོགས་ནས་དང་ལེན་མ་བྱས་པ་དང་།  ཉག་སྟོད་ཟུར་པའི་མང་ཚོགས་ཁག་གཅིག་ནས་ངོ་རྒོལ་མཚོན་ཆེད་མཐའ་གཅིག་ཏུ་ས་ཞིང་འདེབས་ལས་མ་བྱས་པར་བརྟེན་མང་ཚོགས་མང་པོ་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད།  ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ པའི་སྦྱར་ཡིག་སྦྱར་འགྲེམས་བྱས་པ་སོགས་ཀྱི་ཉེས་མིང་་འོག་བོད་མི་པདྨ་ཡེ་ཤེས་ལ་ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུ་དང་།  བསོད་ནམས་མགོན་པོར་ཚེ་གང་བཙོན་འཇུག་  ཚང་ཚོགས་ལ་དུས་བཀག་བཙོན་འཇུག་ལོ་ ༡༦ བྱ་རྒྱུ་སོགས་ཀྱི་ཁྲིམས་ཐག་ལྗིད་པོ་བཅད་པ།  སླར་ཡང་ལོ་དེ་གའི་ཕྱི་ཟླ་ ༤ པའི་ནང་ཉག་རོང་རྫོང་ཐང་སྐྱ་ཆུས་ཐང་སྐྱ་སྡེ་པའི་མི་མང་ནས་ངོ་རྒོལ་བྱུང་བར་སྤྱི་བདེ་མི་སྣས་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པ།  ཕྱི་ལོ་ ༢༠༠༩།༢༠༡༠ ནང་ཉག་རོང་རྫོང་ཁོངས་ཉག་སྟོད་ཁ་བ་ལུང་རི་ཞེས་པའི་གནས་རི་རྩ་ཆེན་གྱི་གཤམ་འོག་ནས་གཏེར་ཁ་བཏོན་པར་བརྟེན།  སེར་སྐྱ་མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་སོགས་ཉག་རོང་རྫོང་ཁོངས་སུ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་ཐོན་དང་འཐོན་བཞིན་ཡོད་པ་བཅས།།

No comments:

Post a Comment

please write here .....