Tuesday, May 31, 2011

གློད་བཀྲོལ་བཏང་མ་ཐག་པའི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་སྤ་ལོད་བྱམས་པ་དཔལ་བཟང་་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པ།


Posted By thogmed On May 28, 2011 @ 4:36 pm In http://tibet.net/tb༢༠༡༡ ཟླ་ ༥ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༨ ཉིན་གནས་ཚུལ་ཁུངས་ལྡན་འབྱོར་དོན།  ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་དུས་ཡུན་ལོ་ངོ་ ༡༥ རིང་གྲྭ་བཞི་བཙོན་ཁང་དང་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱངས་དགོས་བྱུང་བའི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་སྤ་ལོད་བྱམས་པ་དཔལ་བཟང་ལགས་ཉེ་དུས་གློད་བཀྲོལ་བཏང་མ་ཐག་འདས་གྲོངས་སུ་གྱུར་བའི་གནས་ཚུུལ་ཐོན་འདུག
འདས་གྲོངས་སོང་བའི་རྒྱལ་གཅེས་པ་དགའ་ལྡན་གྲྭ་སྤ་ལོད་ལགས་ནི་མལ་གྲོ་གུང་དཀར་རྫོང་ཁོངས་འབྲི་གུང་ཀླུང་ཤོད་དུ་འཁྲུངས་པ་དང་།  ཆུང་དུས་ནས་དགའ་ལྡན་དགོན་པར་ཆོས་ཞུགས་གནང་ཡོད།  ཁོང་དགོན་པར་ཞུགས་མུས་སྐབས་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡོད་པའི་གདན་ས་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་གྱི་ཚོད་ལྟའི་ལག་ལེན་བསྟར་བའི་ཉིན་མོ་ཞིག་ཡིན་ཞིང་།  དེ་ཉིན་དགའ་ལྡན་དགོན་པར་དགེ་འདུན་པ་ཚོས་ཆོས་ར་འཚོགས་བཞིན་པའི་སྐབས་བོད་རང་སྐྱོང་ལྗོངས་ཆོས་དོན་ལས་ཁུངས་ཀྱི་ལས་བྱེད་འཕར་མ་བཏང་སྟེ་ལས་དོན་རུ་ཁག་ཚོས་དབུས་གཞུང་གི་བཀའ་ཡིན་པས།  ཆོས་ར་མཚམས་འཇོག་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་འབྲེལ། དགོན་པའི་ནང་སྒྲིག་ཤོམ་ཞུས་པའི་༸གོང་ས་མཆོག་གི་སྐུ་དཔར་མར་ཕབ་དགོས་པ་སོགས་གཙོ་བོར་གྱུར་བའི་སློབ་གསོའི་ལས་འགུལ་སྤེལ་རྒྱུའི་བཙན་བཀའ་གཏོང་མུས་སྐབས་སུ།  དགེ་འདུན་པ་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཉན་འཇོག་མ་བྱས་པར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བར་བརྟེན་ལས་དོན་རུ་ཁག་ཡོངས་རྫོགས་དགོན་པ་ནས་བྲོས་བྱོལ་འགྲོ་དགོས་བྱུང་ཡོད་ཀྱང་།  དེའི་མཚན་མོར་དགའ་ལྡན་དགོན་པའི་མཐའ་ཡོངས་སུ་དྲག་ཆས་དམག་མིས་བསྐོར་བ་དང་།  དྲག་ཤུགས་བེད་སྤྱད་དེ་དགེ་འདུན་པ་འཛིན་བཟུང་བྱས་ཡོད་པ་ལྟར།  དགེ་འདུན་པ་རྡོ་རྗེ་དང་།  དགེ་ལེགས་སྦྱིན་པར་མེ་མདའ་ཕོག་པ་དང་།
གཞན་དགེ་འདུན་པ་རྣམས་ ༡༩༩༦ ཟླ་ ༥ ཚེས་ ༦ དགོང་མོ་དང་ཚེས་ ༧ སོ་སོར་སྔ་རྗེས་འཛིན་བཟུང་བྱས་པ་དང་།  དགོན་པ་ནས་ཕྱིར་འབུད་བྱེད་འགོ་ཚུགས།  གྲྭ་སྤ་ལོད་ལགས་སོགས་དགེ་འདུན་པ་ཁག་གཅིག་ལ་ངོ་རྒོལ་གྱི་གཙོ་བོའི་སྣེ་ཁྲིད་པའི་ཉེས་མིང་བཏགས་ནས་དུས་བཀག་བཙོན་འཇུག་ལོ་ ༡༥ ཁྲིམས་ཐག་བཅད་པ་དང་། དེ་མིན་དགེ་འདུན་པ་མང་དག་ལའང་དུས་བཀག་བཙོན་འཇུག་བཟོས།     སྤ་ལོད་ལགས་དུས་བཀག་བཙོན་བཅུག་ལོ་ ༡༥ བཏང་སྟེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང་།  རྗེས་སུ་ཆུ་ཤུལ་བཙོན་ཁང་དུ་སྤོ་བཅུག་བྱས།   ཁོང་ཐོག་མར་འཛིན་བཟུང་བྱེད་སྐབས་དང་བཙོན་ཁང་ནང་སྡོད་རིང་ཚད་ལས་འདས་པའི་ཉེས་རྡུང་བཏང་བ་སོགས་ལས་ཉིན་ཤས་སྔོན་ ༢༠༡༡ ཟླ་ ༥ ཚེས་ ༦ ཙམ་དུ་གློད་བཀྲོལ་བཏང་ཡོད་ཀྱང་།  གཟུགས་བབས་རྦད་དེ་གཅོང་ཅན་དུ་གྱུར་ཟིན་སྟབས་སྨན་བཅོས་གང་ཡོང་བྱས་ཀྱང་ཕན་འབྲས་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ཉིན་གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༣ པའི་ཐོག་རང་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོང་དང་ཁོང་འདྲ་བར་ ༡༩༩༦ ལོར་དགའ་ལྡན་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་གྱི་ཚོད་ལྟའི་ལག་ལེན་བྱེད་སྐབས་འཛིན་བཟུང་བྱས་པའི་གྲས་དགའ་ལྡན་གྲྭ་བསྟན་འཛིན་ཡེ་ཤེས་ཀྱང་དེ་སྔ་བཙོན་ནས་གློད་མ་ཐག་འདས་གྲོངས་སུ་གྱུར་ཡོད་པ་དང་།  ཡང་ ༡༩༩༦ ལོར་དགའ་ལྡན་དགོན་པར་ཁོང་ཚོ་དང་མཉམ་དུ་འཛིན་བཟུང་བྱས་པའི་གྲྭ་བློ་བཟང་དབང་ཕྱུག་ཀྱང་དུས་བཀག་བཙོན་འཇུག་ལོ་ ༡༠ བཟོས་ཏེ་གྲྭ་བཞི་བཙོན་དུ་ཡོད་མུས་སྐབས་བཙོན་ཁང་ནང་ངོ་རྒོལ་བྱུང་སྐབས་མཉམ་ཞུགས་བྱས་རྐྱེན་ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༤ ཉིན་གྲྭ་བཞི་བཙོན་ཁང་ནང་མེ་མདའ་ཕོག་སྟེ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

No comments:

Post a Comment

please write here .....