Thursday, March 3, 2011

ཕྱི་ལོ་ 1988་ཟླ་ 3་ཚེས་ 5་ཉིན་ལྷ་སའི་ཞི་རྒོལ་གྱི་སྣེ་འཁྲིད་མཁན་ཆབ་སྲིད་བཙོན་ཟུར་དམ་པ་བྱམས་པ་ཕུན་ཚོགས་ལགས་སུ་རྗེས་དྲན་ཞུ།


བོད་ཀྱི་ལོ་གསར་ཤར་ལ་ཉེ་ཞིང༌།  མཉམ་འཛོམས་ཀྱི་དགའ་སྤྲོ་འཁོལ་བའི་སྐྱེ་བོ་དག་ནི་ཕ་མ་སྤུན་ཉེ་དང་དགའ་ཉེ་བློ་དཀར་མཉམ་དུ་འཛོམས་ཏེ་དུས་ཆེན་ལ་རོལ་བའི་ཟིང་གིས་ཁེངས།  ང་དང་ང་འདྲ་བའི་སྐྱེ་བོ་དག་ནི་རང་ཉིད་ཀྱིས་བདམས་པའི་དམ་བཅས་དེ་ལྟ་བུའི་མཉམ་འཛོམས་དང་དགའ་སྤྲོ་བྱེད་པའི་དུས་ཚོད་ཞིག་མི་ཚེ་འདིར་ཧ་ཅང་མེད་པར་གྱུར་ཟིན་རུང༌།  ཆེས་དྲན་པ་ནི་ང་དང་བཙོན་ཁང་གཅིག་ནང་མཉམ་གཤིབས་ཀྱིས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་ལྟར་ཆབ་སྲིད་དང་བསམ་བློའི་གོ་རྟོགས་ལ་སྟོབས་ཤུགས་ཀྱི་སོན་རྩ་བྱིན་མཁན་ཏེ་ངའི་འཐབ་གྲོགས་བཟང་པོ་ཆབ་སྲིད་བཙོན་ཟུར་རྒན་དམ་པ་བྱམས་པ་ཕུན་ཚོགས་ལགས་ལྟ་བུར་རྗེས་དྲན་བྱེད་པའི་དུས་ཚོད་ཤར་ལ་ཉེ་བ་འདིར་སེམས་ཀྱི་གཏིང་གི་སྐད་ཆ་ཚིག་གཅིག་དང་དམ་ཚིག་ལྡན་པའི་སྨོན་ལམ་ཚིག་གཅིག་ལས་མེད་ཀྱང་ཁྱེད་ཉིད་ལྟ་བུར་འབུལ་བར་འདོད།  འཐབ་གྲོགས་དམ་པ་ལགས།  ད་ནི་ཕྱི་ལོ་ 2011་ ལོའི་ཟླ་ 3་་ཚེས་ 5་ཤར་ལ་ཉེ་ཞིང༌།  ད་ལོའི་ཉིན་མོ་དེ་ནི་བོད་ཀྱི་ལོ་གསར་ཚེས་གཅིག་ཏག་ཏག་འཁེལ་གྱི་ཡོད་པས་བོད་མི་མང་པོས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་སྲིད་ལ།  བོད་ཀྱི་རྒྱལ་ས་ལྷ་སས་གཙོས་པའི་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་ཉིན་མོ་དེ་ནི་བཟང་བཙོན་གྱི་རྣམ་པའི་ཐོག་ནས་དྲག་ཆས་དམག་མི་དང་སྤྱི་བདེའི་སོ་ལྟའི་འོག་ལོ་གསར་གཏོང་རྒྱུ་རེད་ལ།  ཚེས་ 5 འདི་དེ་འདྲའི་རྒྱ་ནག་དམར་གཞུང་འཇིགས་སྣང་བྱ་དགོས་པ་དང༌།  གཞིས་བྱེས་བོད་མི་ཚོས་ག་དུས་ཡིན་ནའང་ཉིན་མོ་དེར་སླེབས་མཚམས་རང་ཉིད་བོད་མི་ཡིན་པའི་ཚོར་བ་ཤུགས་ཆེ་ཞིག་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ཉིན་མོ་གལ་ཆེ་ཞིག་ཏུ་གྱུར་ཟིན་འདུག་པས།  དེའི་ཐད་ཁྱེད་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་ཀྱང་ང་ཚོའི་མི་རིགས་འདིར་བཞག་ཡོད་པ་མི་མང་པོས་ངོས་འཛིན་ཐུབ་ངེས་རེད།   འདས་པའི་ཕྱི་ལོ་ 1988 ་ ཟླ་ 3་་ཚེས་ 5་ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཁྱེད་གཅིག་པུས་ཐོག་མར་སྨོན་ལམ་ཆེན་མོའི་འདུས་ཚོགས་དབུས་སུ་སྐད་གསངས་བཏོན་པས་ཕྱག་ནས་མཆོད་གྲུ་ཕྱོགས་བཞིར་གཏོར་བཞིན་ཚད་མེད་ཡོན་ཏན་འདོན་གནང་བ་དང༌།  ཞི་བའི་སྐད་འབོད་གནང་སྟེ་ཆུ་ཚོད་སྐར་མ་ཁ་ཤས་སྟོབས་ཤུགས་ཀྱི་མེ་ཁ་གསོས་པའི་རླབས་ཆེན་གྱི་གྲུབ་འབྲས་དེ་ཚོ་དྲན་དུས་ངས་ཁྱེད་ལ་ག་དུས་ཡིན་ནའང་རྗེས་དྲན་དང་ཡིད་སྨོན་དམ་ཚིག་མཐུན་པའི་སྨོན་ལམ་དུས་རྟག་ཏུ་འདེབས་བཞིན་ཡོད།  ངའི་རེ་བར་གཅིག་བྱས་ན་ཁྱེད་ཀྱི་སྐུ་སྐྱེ་དེའང་མྱུར་དུ་ཁ་བའི་ཅན་པའི་རིས་སུ་ལུས་བླངས་ཏེ་གཞིས་ཡུལ་ཁ་བའི་ལྗོངས་སུ་འཕྲོ་རུ་ལུས་པའི་བདེན་དོན་གྱི་ཆེད་དུ་འབད་འབུངས་གནང་མཁན་ཞིག་གངས་ཅན་པའི་ལུས་སུ་བླངས་ཏེ་སླར་ཡང་ངེད་ཚོ་ཞལ་མཇལ་ཡོང་བའི་སྨོན་ལམ་ཞུ༎

No comments:

Post a Comment

please write here .....