Thursday, January 13, 2011


སྨོན་ལམ་ཞུ། 
དུས་ཡུན་ལོ་ངོ་གསུམ་རིང་བཙོན་བཅུག་མྱང་མྱོང་བའི་ཆབ་སྲིད་བཙོན་ཟུར་བྲག་ལྷ་ཀླུ་སྒུག་དགོན་གྱི་གྲྭ་ཟུར་ཡིན་པ་ཐུབ་བསྟན་ལེགས་ཚོགས་ལགས་དང༌།  དུས་ཡུན་ལོ་ངོ་བཞིའི་རིང་བཙོན་བཅུག་མྱང་མྱོང་བའི་ཆབ་སྲིད་བཙོན་ཟུར་མལ་དྲོ་ཀ་ཚལ་དགོན་གྱི་གྲ་ཟུར་རྡོ་རྗེ་ཚེ་རིང་གཉིས་སྔ་རྗེས་སུ་ཚེ་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་ཤམ་བྷ་ལ་དྲ་གནས་ལས་མཐོང་སྐབས་བློ་ཕམ་ཆེན་པོ་བྱུང༌།  ཁོང་གཉིས་ཀ་སྐྱེས་ཡུལ་མལ་དྲོ་གུང་དཀར་རྫོང་ནས་ཡིན་འདུག་ཅིང༌།  ལོ་རྒྱུས་ཞིབ་ཅིང་ཕྲ་བ་མི་ཤེས་ཀྱང༌།  ལེགས་ཚོགས་ལགས་ནི་རང་ཉིད་དང་མཉམ་དུ་བཙོན་ཁང་གཅིག་ནང་འདྲིས་གཤིབས་བྱུང་བ་ཞིག་ཡིན་སྟབས་སེམས་ཚོར་ཐུང་ངུ་ཞིག་ཞུ་འདོད་བྱུང༌། 
རང་ཉིད་དང་ལོ་ངོ་གཉིས་ཙམ་རིང་བཙོན་ཁང་གཅིག་ནང་མཉམ་གཤིབས་བྱ་མྱོང་བའི་ལྷ་སའི་བྲག་ལྷ་ཀླུ་སྒུག་དགོན་པའི་དགེ་འདུན་པ་ཐུབ་བསྟན་ལེགས་ཚོགས་ལགས་སྐུ་ཚེ་འདས་པའི་ཡིད་སྐྱོའི་གནས་ཚུལ་གསར་འགྱུར་ཐོག་ཐོན་མ་ཐག་བློ་ཕམ་ཆེན་པོ་བྱུང༌། ཁོང་ 1989་ ལོ་མཇུག་ཙམ་དུ་རྒུ་ཚ་བཙོན་ཁང་ནས་གསང་ཡིབ་ཀྲེ་ཏུད་དང་པོའི་བཙོན་ཁང་དུ་སྤོ་སྐབས་ཁོང་དང་མཉམ་དུ་བྲག་ལྷ་ཀླུ་སྒུག་དགོན་པའི་གྲ་ལྷག་པ་དང་། འཕྲིན་ལས། བསྟན་འཛིན་ཆོས་འཕེལ་སོགས་མཉམ་དུ་བསྐྱལ་སོང༌། སྐབས་དེ་དུས་ལེགས་ཚོགས་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་འདུག་པ་མ་ཟད། བཙོན་ཁང་ནང་ལུས་སྦྱོང་ལྟ་བུའི་སྦྱོང་བརྡར་བཙན་དེད་བྱེད་པ་སོགས་ཀྱི་སྐབས་ཁོང་སྐབས་འགར་ཁྲག་སྐྱུག་པའི་གནས་ཙུལ་ཐེངས་མང་ཐོན་མྱོང་ཡོད་ལ། སྐུ་གཟུགས་ཧ་ཅང་སྐྱོ་པོ་འདུག དེ་དང་དུས་མཚུངས་སྐབས་དེ་དང་མཉམ་དུ་ངས་དྲན་གསོས་པ་ཞིག་ལ། ཕལ་ཆེར་ 1989་ ཟླ་ 10་་པའི་ནང་ལྷ་སར་དྲག་པོའི་བཀའ་རྒྱ་བདམས་ཏེ་ཧ་ཅང་དམ་དྲག་ཆེན་པོ་ཡོད་པ་རེད། ཡིན་ནའང་གོང་གསལ་དགེ་འདུན་པ་སོགས་ནས་ཉེ་དུས་དགོན་པ་མང་ཆེ་བའི་དགེ་འདུན་པས་སྣེ་ཁྲིད་དེ་ཞི་རྒོལ་གྱི་ལས་འགུལ་སྤེལ་ཟིན་པ་རེད། ད་ང་ཚོ་བྲག་ལྷ་ཀླུ་སྒུག་དགོན་པའི་དགེ་འདུན་པ་ཚོས་ཀྱང་ཁེར་གཙང་དུ་སྣེ་ཁྲིད་དེ་ངོ་རྒོལ་ཞིག་བྱ་ཐུབ་ན་ཡག་པོ་འདུག་ཅེས་དུས་ཚོད་གཏན་འཁེལ་བཟོས་རྗེས་ 1989་ ཟླ་ 10་ཚེས་ 15་ཉིན་གྱི་སྔ་དྲོ་ཁ་ཆད་བྱས་པ་ལྟར་བློས་གཏོང་ཕོད་པའི་འཐབ་གྲོགས་ཁག་ཅིག་མཉམ་དུ་གྲྭ་ཆས་ཕུད་དེ་སྐྱ་ཆས་གྱོན་རྗེས་དགོན་པ་ནས་རིམ་གྱིས་ཐོན་ཏེ་རྒྱུགས་ཤར་གཏོང་བཞིན་དུ་ངོ་རྒོལ་སྐད་འབོད་བྱས་རྗེས་སྐར་མ་ཁ་ཤས་ཀྱང་མ་སོང་གོང་དྲག་ཆས་དམག་མིས་འཛིན་བཟུང་བྱས་རྗེས་ལག་རྒྱབ་ཏུ་བསྐྱལ་ཏེ་བར་བསྐོར་མངགས་གཏོང་ཁང་དུ་འཁྲིད་འགྲོ་སྐབས་མང་ཚོགས་རྒྱབ་ཏུ་སྐད་རྒྱབ་པ་དང་། རུབ་རུབ་ཆགས་མངགས་གཏོང་ཁང་གི་རྒྱལ་སྒོ་ཨ་མས་བཏོན་མ་ཐུབ་སྟབས་ལྟག་སྒོ་ཞིག་བརྒྱུད་བཏོན་ཏེ་མོ་ཊའི་ནང་བླུགས་རྗེས་རྒུ་ཚ་བཙོན་དུ་བསྐྱལ་བ་དང༌། རྒུ་ཚར་སླེབས་རྗེས་བཀའ་རྒྱ་བདམས་མུས་སྐབས་སུའང་ངོ་རྒོལ་བྱས་པ་ནི་ཧ་ཅང་མ་འོས་པ་ཡིན་པར་བཤད་དེ་ཚང་མར་ཉེས་བརྡུང་ཚད་མེད་བཏང་བ་མ་ཟད། གྲ་བསྟན་འཛིན་ཆོས་འཕེལ་ལག་པ་བཅགས་པ་སོགས་བྱས་ཏེ་ལག་གཡོན་མར་རྗེས་སུའང་ལྕགས་བླུགས་སྐབས་བཤགས་བཅོས་བྱས་ཏེ་འཚེམ་བུ་བརྒྱབ་ཤུལ་མཐོང་རྒྱུ་ཡོད། རྒུ་ཚའི་སོའི་ཀྲང་ཡ་ག་སོགས་ནས་དགོང་དྲོ་ཁ་ལག་མ་སྤྲད་པར་ཚལ་ཞིང་སྟེང་ནས་བཙོག་པ་ཡོད་མུས་ཀྱི་ཚལ་བསྐོག་སྟེ་རྗེན་ཟས་བྱ་བཅུག་པར་རྗེན་པར་ཟ་རྒྱུ་བྱུང་ཞེས་སྐབས་དེའི་ཁོང་ཚོའི་གྲས་ནས་གསུང་མཁན་བྱུང་ལ། རྒུ་ཚ་ནས་འདྲི་གཅོད་ཁང་དུ་འཁྲིད་རྗེས་བསྟན་འཛིན་ཆོས་འཕེལ་སོགས་ཉེས་བརྡུང་ཚབས་ཆེ་བཏང་འདུག་པས་བཙོན་ཁང་ནས་ཁས་ལེན་བྱ་ཐུབ་ས་མ་རེད་ཅེས་འདྲི་གཅོད་པ་དང་བཙོན་སྲུང་བའི་སྐོར་ཁ་རྩོད་ཤོར་བའི་གནས་ཚུལ་ཡང་ཐོན་མྱོང་ཡོད། དེ་མཇུག 1991་ལོར་གསང་ཡིབ་བཙོན་ཁང་ནང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་བཞི་བཅུ་འཁོར་བ་ཞེས་པའི་རྟེན་འབྲེལ་བྱེད་པར་ངོ་རྒོལ་བྱ་སྐབས་ཁོང་ཚོའི་གྲས་ནས་གྲྭ་ལྷག་པ་ལགས་སོགས་ལོ་ཚད་སྤར་ཡོད་བཟོ་འདུག་ཅིང༌། དེ་མིན་རིམ་པས་གློད་བཀྲོལ་རྗེས་སྐྱ་བབས་ཏེ་རང་རང་འཚོ་ཐབས་འཚོལ་བཞིན་གནས་ཡོད་པ་ལས་ཉེ་དུས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མ་བྱུང་ཡང༌། གང་ལྟར་ལྷ་སའི་ནང་དྲག་པོའི་བཀའ་རྒྱ་དམ་མུས་སྐབས་སུ་ངོ་རྒོལ་གནང་ཐུབ་པ་འདི་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་རེད་ཅེས་བཤད་ཀྱང་མ་འགྲིག་པ་ཨེ་ཡོད་བསམ། མཐའ་དོན་བཙོན་ཁང་གཅིག་ནང་མཉམ་གཤིབས་བྱུང་བའི་འཐབ་གྲོགས་དམ་པ་ཁོང་ཙམ་མ་ཡིན་པར། མལ་དྲོ་ཀ་ཚལ་དགོན་པའི་གྲ་རྡོ་རྗེ་ཚེ་རིང་སོགས་བོད་ཆོལ་གསུམ་དུ་གནས་པའི་འཐབ་གྲོགས་མང་པོ་ཞིག་བཙོན་ནང་སྡུག་སྦྱོང་གི་རྐྱེན་པས་སྐུ་ཚེ་དེ་ཙམ་རིང་པོར་འཚོ་མ་ཐུབ་པར་འཇིག་རྟེན་འདི་ནས་ཁ་བྲལ་འགྲོ་བཞིན་པ་རྣམས་ལ་ཀུན་གྱི་གདུང་སེམས་མཉམ་སྐྱེད་ཡོང་བའི་རེ་སྨོན་ཞུ།་ ཨོྃ་མ་ཎི་པདྨེ་ཧུཾ༎

No comments:

Post a Comment

please write here .....