Friday, October 31, 2008

Latest News

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཁག་སྤེལ་ཕྱོགས་སྐོར་གྱི་གསལ་བསྒྲགས། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ རེས་གཟའ་པ་སངས། ༄༅།།ད་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་གཞིས་ལུས་བོད་མི་རྣམས་ཀྱིས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ཞི་རྒོལ་རྔམ་སྟོན་རིམ་གནང་ཐོག་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་གསོད་བརྡུང་སོགས་བྱས་པ་ལ་གདུང་སེམས་མཉམ་བསྐྱེད་དང༌།དེ་དག་གི་དཀལ་ངལ་སེལ་ཐབས་ལ་དམིགས་ནས་རང་དབང་ལུང་པར་གནས་འཁོད་བོད་རིགས་ཡོངས་རྫོགས་ཀྱི་ལས་འགུལ་མཉམ་སྤེལ་བྱ་ཆེད་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གསར་འཛུགས་ཀྱིས་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པའི་ཁོངས་བོད་མི་སྤྱི་སྒེར་སོ་སོའི་འཆར་ཅན་འཚོ་བའི་ཁྲོད་རྒྱུན་དུ་སྤེལ་རྒྱུའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་དཔལ་ལྡན་བཀའ་ཤག་ནས་༢༠༠༨།༤།༢༣དང༌།དཔལ་ལྡན་སྤྱི་འཐུས་རྒྱུན་ལས་ནས་༢༠༠༨།༤།༢༤སོ་སོར་ལམ་སྟོན་གནང་བ་ཁག་ཅིག་ཟུར་འདོན་ཞུས་ཡོད་པ་ལྟར།དེ་ལུགས་རང་རང་གནས་སྡོད་ས་ཁུལ་གྱི་བོད་མི་སྐྱ་སེར་སྤྱི་དང༌།བྱེ་བྲག་ཕྲུ་གུའི་ཕ་མ།དགེ་ལས་སློབ་ཕྲུགམཐོ་སློབ་ཁག་བཅས་ལ་བརྒྱུད་བསྒྲགས་ཀྱིས་ལས་འགུལ་སྤེལ་ཐབས་གནང་སྐྱོང་ཡོང་བ་དང༌།ལས་འགུལ་ཇི་སྤེལ་གྱི་སྒྲུབ་ཐོ་རྣམས་ཟླ་གསུམ་མམ་ཟླ་དྲུག་རེའི་མཚམས་སོགས་དུས་ཚོད་འོས་མཚམས་ནང་སོ་སོའི་ས་གནས་ཛ་ཚོགས་བརྒྱུད་དབུས་ལ་འབུལ་དགོས་རྒྱུ་བཅས་དགོངས་མངའ་འཚལ། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་༢༠༠༨ཟླ་༡༠ཚེས་༢༨ལ། ཁྱིམ་ཚང༌། ༡ ཟླ་རེའི་ནང་ཁྱིམ་ཚང་སོ་སོའི་ནང་མི་ཚང་འཛོམས་ཐེངས་གཉིས་རེ་གནང་སྟེ་ནང་མི་རྒན་གཞོན་དབར་བོད་ཀྱི་རྒྱལ་རབས་སྤྱི་དང༌།ཕྱི་ལོ་༡༩༤༩ལོ་ནས་བོད་ནང་དུས་ཀྱི་འགྱུར་བ་ཕྱིན་སྟངས།ལྷག་པར་འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་ཞི་བའི་སྒེར་ལངས་ཆེན་མོ་ཇི་ལྟར་བྱུང་ཚུལ་བཅས་ཀྱི་ལོ་རྒྱུས་ཐོག་གོ་བསྡུར་དང༌།བསམ་ཚུལ་བརྗེ་ལེན་གྱིས་ན་གཞོན་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང༌།ཤ་ཞེན་རྒྱ་གང་ཆེ་སྤེལ་རྒྱུ། ༢་ ཟླ་རེའི་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་འོད་སྡེར་(CD DVD)ཁག་ནང་ཡོད་པ་མ་མཐའ་ཐེངས་གཉིས་རེ་གསན་གཟིགས་ཀྱིས་གསུང་གི་བདུད་རྩི་ཁག་ལ་ཉམས་ལེན་གང་ཐུབ་ཀྱིས་འབད་བརྩོན་གནང་གལ། ༣་ བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་རིམ་ཁག་བཙན་བྱོལ་བོད་གཞུང་གི་ཤེས་བྱ་དུས་དེབ་དང༌།བོད་མིའི་རང་དབང་གསར་ཤོགགལ་ཆེའི་དྲིལ་བསྒྲགས་ཡིག་ཆ།དྲ་རྒྱ་བཅས་ལ་ཐུགས་སྣང་གིས་བདུན་རེར་ཁྱིམ་ཚང་སོ་སོའི་ནང་ལྗགས་ཀློག་གིས་གཞན་གྱི་ཟེར་རྗེས་སུ་མ་འབྲང་བར་རང་གཞུང་གི་མཛད་བྱུས་གོ་རྟོགས་གོང་འཕེལ་བྱ་རྒྱུ། ༤་ མ་འོངས་བོད་མི་རིགས་ཀྱི་སོན་རྩ་རྣམས་སྐྱིད་སྡུག་གཉིས་ཐེག་མི་རིགས་ཀྱི་ལ་རྒྱ་དང༌།ཤ་ཞེན་ལྡན་ལ་ཕྱི་ནང་ཤེས་ཡོན་ཅན་གྱིས་ཕྱུག་པའི་མི་རིགས་ཀྱི་དོན་སྙིང་སླར་གསོ་ཙམ་མ་ཟད།འཛིན་སྐྱོང་སྤེལ་གསུམ་ཐུབ་ཆེད་ཁྱིམ་ཚང་རེ་རེ་ནས་གལ་ཆེའི་ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་དགོས་པ་དང༌།ཕ་མ་རྣམས་ནས་ཀྱང་ཆང་དང་ཐ་མག་མྱོས་རྫས་སོགས་ཀྱི་ངན་གོམས་ཡོད་རིགས་དེ་དག་གཏན་དུའམ།ཡང་ན་དུས་ཡུན་ངེས་ཅན་བར་སྤང་ཐབས།ཡང་ན་ཉུང་འཕྲི་བྱས་པའི་དཔེ་སྟོན་གྱིས་ན་གཞོན་རྣམས་ལ་གོམས་གཤིས་ངན་པ་མ་འཇགས་པའི་ཐུགས་འགན་བཞེས་དགོས་རྒྱུ། ༥་ ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མིའི་ཁྱིམ་ཚང་སོ་སོའི་ནང་བོད་ཕྲུག་གཞོན་སྐྱེས་རྣམས་དང་བཀའ་མོལ་གནང་སྐབས་རང་སྐད་ཁོ་ན་བེད་སྤྱོད་གཏོང་ཐབས་གནང་དགོས་རྒྱུ། སློབ་ཕྲུག ༡་ བོད་ཀྱི་ཛ་དྲག་གི་གནས་སྟངས་ལ་བསམ་ཞིབ་ཀྱིས་སོ་སོའི་འགྲོ་གྲོན་རྒྱས་སྤྲོས་ཅན་རྣམས་བག་མེད་ངན་གོམས་སོང་བ་ཁག་བསྲི་ཚགས་གང་ཐུབ་བྱས་ཏེ་བོད་མི་རིགས་དང་སོ་སོའི་མ་འོངས་མདུན་ལམ་ཆེད་ཟུར་བཅད་གསོག་འཇོག་བྱ་རྒྱུ། ༢་ སློབ་ཁྲིད་ཁག་སྔར་ལས་ལྷག་པའི་ཧུར་བརྩོན་ཆེ་བསྐྱེད་ཀྱིས་ཉིན་རེའི་རང་སྦྱོང་ཆེད་དུས་ཚོད་སྤར་ཆ་སོགས་ཀྱི་དམ་བཅའ་དང་ལེན་གྱིས་རང་ནུས་གང་ཐུབ་ཡ་རབས་བཟང་སྤྱོད་དང༌།ཤེས་ཡོན་ཡར་རྒྱས་ཐོག་འབུང་རྒྱུ། ༣་ འདི་ལོའི་ཕྱི་ཟླ་༣པ་ནས་བོད་ནང་གི་བོད་མི་ཚོས་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ཐོག་མྱོང་ཚོར་དང༌།དཔྱད་རྩོམ་སྐད་ཡིག་འདྲ་མིན་ནང་འབྲི་རྒྱུ། ༤་ ཆང་དང་ཐ་མག་མྱོས་རྫས་སོགས་ཀྱི་ངན་གོམས་ཡོད་རིགས་བོད་མི་རིགས་ཀྱི་ཆེད་དུ་སྤང་ཐབས་གནང་རྒྱུ། ༥་ དམིགས་བསལ་བོད་ཀྱི་རྩ་དོན་ཆེད་བོད་ཀྱི་སྐད་ཡིག་རིག་གནས་དང༌།རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་བའི་རིགས་གཅིག་རྐང་འཛིན་གྱི་སློབ་ཚན་ཐོག་འཛུལ་ཞུགས་དགོས་རྒྱུ། བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་མཉམ་རུབ་ཀྱིས་བསྒྲུབ་དགོས་པ། ༡་ དགོན་སྡེ་ཁག་དང༌།སློབ་གྲྭ་ཁག་ཏུ་ྋགོང་ས་མཆོག་གི་བཀའ་སློབ་དང༌།བོད་དོན་དྲིལ་བསྒྲགས་ཀྱི་བརྙན་འཕྲིན་བལྟ་ཉན་གོ་སྒྲིག ༢་ བར་ལམ་གྱེན་ལངས་སྐབས་འདས་གྲོངས་སོང་བའི་བོད་མི་མིང་ཤེས་པའམ།མི་ཤེས་པ་ཅི་རིགས་ཀྱི་ཆེད་དུ་དམིགས་ཏེ་བོད་མིའི་གཞིས་སྒར་ཁག་གི་གཞུང་ལམ་ཉམས་གསོ་དང༌།དྲན་རྟེན་སྐུ་གསུང་ཐུགས་རྟེན་ནམ།རྡོ་འབུམ་ལྟ་བུའི་འཛུགས་སྐྲུན། ༣་ བོད་མིའི་སྡོད་སྒར་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་སླད་ངལ་རྩོལ་གྱི་ཞལ་འདེབས་བརྒྱབས་ཏེ་ཆུ་འགྲོ་བཟོ་རྒྱུ་དང༌།གད་སྙིགས་གཙང་སེལ་ལྟ་བུའི་ལས་གཞི། ༤་ བོད་མིའི་སྡོད་སྒར་ཁག་གི་ནང་བོད་དུ་རྐྱེན་འདས་སོང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་མིང་ཐོག་འབྲས་ལྡན་དང་འབྲས་མེད་ཀྱི་སྐྱེ་ཤིང་འདེབས་འཛུགས་དང་གསོ་སྐྱོང༌། ༥་ འདས་གྲོངས་སོང་བ་རྣམས་ཀྱི་དྲན་རྟེན་དང་མཆོད་འབུལ་ཆེད་སྣང་གསལ་མར་མེ་ཆད་མེད་འབུལ་རྒྱུའི་གོ་སྒྲིག་དང༌།དེའི་ཆེད་ས་གནས་སྤྱི་ཐོག་ནས་དམིགས་བཀར་འབུལ་ཡུལ་བསྐྲུན་རྒྱུ། ༦་ འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་དོན་སྙིང་དང་ལག་བསྟར་སྐོར་ལ་དམིགས་བསལ་སློབ་སྦྱོང་གནང་རྒྱུ། ༧་ ཉ་སྟོང་བརྒྱད་གསུམ་སོགས་ལ་དམར་ཟས་སྤང་ཐབས་བྱ་རྒྱུ་བཅས་ཀྱི་འབོད་སྐུལ་གནང་འདུག

No comments:

Post a Comment

please write here .....