Tuesday, October 14, 2008

His Holiness the Dalai Lama Extends Message to 1st Europe Tibetan Congress

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སུད་སིའི་གྲོང་ཁྱེར་སྦ་སེལ་དུ་ཡོ་རོབ་ཁུལ་རྟེན་གཞི་བྱས་པའི་བོད་རིགས་ཚོགས་སྐྱིད་ཁག་གི་འཐུས་ཚོགས་ལས་གྲུབ་པའི་ ཚོགས་ཆེན་ལ་སྩལ་བའི་གསུང་འཕྲིན།
ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༡ རེས་གཟའ་སྤེན་པ། ༄༅། །སུད་སིའི་གྲོང་ཁྱེར་སྦ་སཱེལ་དུ་ཡོ་རོབ་ཁུལ་རྟེན་གཞི་བྱས་པའི་བོད་རིགས་ཚོགས་སྐྱིད་ཁག་གི་འཐུས་ཚབ་ལས་གྲུབ་པའི་ཚོགས་ཆེན་ཞིག་གོ་སྒྲིག་བྱེད་བཞིན་ཡོད་པ་འདི་ནི་དགའ་སྒོམ་བྱེད་འོས་སུ་གྱུར། ཡོ་རོབ་ཁུལ་གནས་སྡོད་བོད་མི་སྤྱི་དང༌། ལྷག་པར་དུ་ཁོང་ཚོའི་ཁྲོད་ནས་མི་གྲངས་མང་ཤོས་ཤིག་དེ་སྔ་ལོ་རབས་ ༦༠ ཙམ་ནས་སུད་སི་ཁུལ་གཞིས་ཆགས་བྱས་ཡོད་པ་བཅས་ཀྱིས་རང་རང་གནས་ཡུལ་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ལམ་སྲོལ་འདྲ་མིན་དང་གོ་བསྟུན་གྱིས་འཚོ་གནས་ཐུབ་ཡོད་པར་མ་ཟད། རང་རེ་བོད་མི་རིགས་ཀྱི་ངོ་བོ་དང༌། རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུའང་དཀའ་སྤྱད་འབད་རྩོལ་ཆེན་པོ་བསྟེན་ཡོད། སངས་རྒྱས་ཆོས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཡོད་པའི་བོད་ཀྱི་རིག་གཞུང་འདི་ལ་མཚོན་ན། ཤེས་བྱ་དང༌། ལྟ་གྲུབ་ཀྱི་རིན་ཐང་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་དབང་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀུན་ལ་ཕན་བདེ་བསྐྲུན་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་མི་རབས་གསར་པའི་བོད་རིགས་ན་གཞོན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་སྐྱེས་འཚར་བྱུང་བ་དག་གིས་རང་གི་ཕ་མེས་རྒན་རབས་ཚོའི་རྗེས་ཤུལ་བཟུང་སྟེ། བཙན་བྱོལ་གྱི་གནས་སྟངས་འོག་ནས་བོད་ཀྱི་རིག་གཞུང་བཟང་པོའི་ཤུལ་གཞག་རྣམས་མི་ཉམས་རྒྱུན་འཛིན་དང་བདག་བཟུང་བྱེད་ཐུབ་པས་མ་ཚད། རྒྱལ་སྤྱིའི་མང་ཚོགས་ཀྱི་ཁྲོད་དུའང་བོད་ཀྱི་གནད་དོན་ངོ་སྤྲོད་བྱ་རྒྱུས་མཚོན་བོད་འབྲེལ་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་ཐུབ་པ་ཞིག་བྱུང་ཡོད་པ་འདི་ནི་ཡོངས་སུ་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། དེར་བརྟེན་ངོས་ནས་ད་རེས་ཀྱི་ཚོགས་འདུ་རྒྱས་འཛོམས་འདི་བརྒྱུད་ཁྱེད་ཅག་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག གོང་གསལ་ལས་དོན་ཁག་གི་ཐོག་སྔར་ལྷག་འབད་བརྩོན་ཧུར་བསྐྱེད་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན། ཚོགས་ཆེན་འདིའི་ཐོག་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད། མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་པའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཕེབས་ཞུགས་གནང་རྒྱུ་དང༌། སྐབས་དེར་ཁོང་གིས་དེང་དུས་ང་ཚོས་སེམས་འཚབ་ཆེ་ཤོས་བྱེད་གཞིའི་དོན་གནད་ཁག་ཞིབ་ཕྲའི་སྒོ་ནས་ངོ་སྤྲོད་གསལ་བཤད་གནང་ངེས་ཡིན། ཚོགས་ཆེན་གྱི་ལས་རིམ་ཁག་ལམ་ལྷོང་ཡོང་བའི་སྨོན་ལམ་མཚམས་སྦྱོར་དང་བཅས། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣ ལ།། སྒྱུར་མཆན། གསུང་འཕྲིན་ངོ་མ་དབྱིན་ཡིག་ཐོག་སྩལ་བ་ནས་ཕབ་སྒྱུར་ཞུས། རྩ་འགྱུར་བར་ཚིག་དོན་ལ་ཧེ་བག་ཐོན་ཚེ། རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོང་བ་ཞུ།

No comments:

Post a Comment

please write here .....